ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རིམས་ནད་ཚབས་ཆེན་ཡིན་པས་འགོག་བཅོས་ཚོད་འཛིན་བྱེད་པ་གནད་འགག་ཡིན་པར་བསྟན།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2020-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་དང་པོའི་ཚེས་ཉེར་དགུའི་ཉིན་རིམས་ནད་ཀྱི་སྙན་ཞུ་གསར་བ་ཁྱབ་སྒྲོག་བྱས། ལུགས་རྙིང་ལོ་སར་མཇུག་སྒྲིལ་རྗེས་ཕྱིར་ལོག་པའི་མི་ཚོགས་དང་དམིགས་བསལ་མི་ཚོགས་ལ་དམིགས་ཏེ་འབྲེལ་ཡོད་འགན་ཁུར་བས་སྐུལ་མ་བཏང་། ཚན་རིག་འགོག་བཅོས་དང་གསོ་བཅོས་ནུས་པར་ཤུགས་སྣོན་བྱས་པ་དང་བསྟུན་ནས། གཟའ་འཁོར་གཅིག་གི་རིང་ལ། ཧུའུ་པེ་ཞིང་ཆེན་གྱི་ཉིན་རེའི་གསར་བྱུང་ནད་པའི་ཁ་གྲངས་ཐོག་དང་པོར་ཇེ་ཉུང་དུ་འགྲོ་བའི་སྣང་ཚུལ་བྱུང་ཡོད་ཟེར། 

ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་ནམ་གུང་དུས་ཚོད་བཅུ་གཉིས་བར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་གི་ནད་བརྟག་ངོས་བཟུང་བྱས་པའི་ནད་པ་སྟོང་ལྔ་དང་དགུ་བརྒྱ་དོན་བཞིའི་སྙན་ཞུ་འབྱོར་བ་དང་། ད་ལྟ་གནས་ཚུལ་ཚབས་ཆེན་ཡིན་པའི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་སོ་དགུ་ཡོད། རིམ་བརྩིས་ཀྱིས་ནད་པ་བརྒྱ་དང་སོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་བརྒྱ་དང་གསུམ་སྨན་ཁང་ལས་ཕྱིར་བུད། ད་ལྟ་དོགས་ཡོད་ནད་པ་སྟོང་དགུ་དང་ཉིས་བརྒྱ་སོ་དགུ་ཡོད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔའི་འགོག་བཅོས་ཚོད་འཛིན་གནས་བབ་རྙོག་འཛིང་ཡིན་ཞིང་། ལུགས་རྙིང་ལོ་སར་རོལ་རྗེས་ཕྱིར་ལོག་པའི་མི་ཚོགས་ལ་དམིགས་ཏེ་ཕྱོགས་སྟོན་རབ་དང་རིམ་པ་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་པ་དང་། བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་མང་ཚོགས་ཀྱི་སྔོན་འགོག་ཕྱོགས་སྟོན་རྩོམ་སྒྲིག་བྱས་ཏེ་རྒྱུན་མཐོང་གི་རྣམ་པ་དྲུག་ནས་མི་སྒེར་གྱི་སྔོན་འགོག་གྲོས་གཞི་བཏོན་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཡང་བསྐྱར་མི་རེ་རེས་ངེས་པར་དུ་ཁ་ཐུམ་བརྒྱག་དགོས་པ་དང་། ཁྱད་པར་དུ་རིམས་ནད་ཚབས་ཆེ་བའི་ས་ཁུལ་ནས་ཕྱིར་ལོག་པ་དག་དམིགས་སའི་ཡུལ་དུ་འབྱོར་རྗེས། རང་འགུལ་གྱིས་ཉིན་བཅུ་བཞིའི་རིང་རང་ཉིད་གཞན་དང་འབྲེལ་འདྲིས་མེད་པར་ཁ་ཁར་བྱེད་དགོས་པ་ནན་བཤད་བྱས། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔའི་རིམས་ནད་ལྟ་རྟོག་ཚོད་འཛིན་གནས་ཚུལ་ལ་བལྟས་ན། བྱིས་པ་རེ་འགར་ནད་འགོས་པའི་སྣང་ཚུལ་བྱུང་ཡོད་ཀྱང་། ནད་པ་དེ་དག་ལ་ནད་ཐོག་སྨན་བཅོས་བྱེད་སྐབས་ཅུང་ཡང་མོ་ཡིན་པ་རེད། ནད་ཚབས་ཆེ་བ་ནི་སྔར་བཞིན་རྒན་པ་དང་དར་མ་ཡིན་པས། རིམས་ནད་འགོག་བཅོས་ཚོད་འཛིན་བརྒྱུད་རིམ་ཁྲོད་བྱིས་པ་དང་རྒན་པའི་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་ཟེར། 

རྩོམ་སྒྲིག་པ། : འབུམ་པ་རྒྱལ།