ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་ཧུའུ་པེ་ཞིང་ཆེན་གྱི་སྨན་བཀོལ་དངོས་རྫས་ཀྱི་འགན་སྲུང་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2020-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲོན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་སྣེ་ཁྲིད་དེ་ཝུའུ་ཧན་གྲོང་ཁྱེར་དུ་ཡུལ་དངོས་ནས་ཧུའུ་པེ་ཞིང་ཆེན་གྱི་སྨན་བཀོལ་དངོས་རྫས་ཀྱི་འགན་སྲུང་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། 

ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། མཛུབ་སྟོན་ཚན་ཆུང་སྔ་གཞུག་ཏུ་ཝུའུ་ཧན་གྲོང་ཁྱེར་གྱི་ཞིན་ཀྲིག་ས་ཁུལ་དུ་ཡོད་པའི་ཝུའུ་ཧན་ཞེ་ཀྲའོ་འཕྲོད་བསྟེན་མཁོ་དངོས་ཚད་ཡོད་ཀུང་ཟི་དང་། ཝུའུ་ཧན་ཀྲུང་སིན་སྨན་བཅོས་མཁོ་དངོས་ཚད་ཡོད་ཀུང་ཟི། ཧུའུ་པེ་ཝུན་ཅན་སྨན་བཅོས་ཚད་ཡོད་ཀུང་ཟི་བཅས་སུ་ཡོང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དང་མཛོད་ཁང་། ཞིབ་བཤེར་ཁང་། ཚོད་ལྟ་ཁང་སོགས་སུ་སོང་སྟེ། སྨན་བཀོལ་འགོག་སྲུང་ལྭ་བ་དང་ཁ་ཐུམ་སོགས་མྱུར་མཁོའི་སྨན་བཀོལ་དངོས་རྫས་ཀྱི་ཐོན་སྐྱེད་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཡུལ་དངོས་གཞུང་སྒྲུབ་ཚོགས་འདུ་བསྡུས་ཏེ། ཧུའུ་པེ་ཞིང་ཆེན་གྱི་སྨན་བཀོལ་དངོས་རྫས་ཀྱི་འགན་སྲུང་ཐད་གནས་པའི་དོན་དངོས་དཀའ་ཁག་ལ་མཐུན་སྦྱོར་མཛུབ་སྟོན་དང་ཐག་གཅོད་བྱས། ཡུལ་དངོས་ནས་སང་ཉིན་མཁོ་བའི་འགོག་སྲུང་ལྭ་བ་ཁྲི་གཅིག་དང་སྟོང་གཉིས་ལྔ་བརྒྱ་ཐག་གཅོད་བྱས། 

སུན་ཁྲོན་ལན་གྱིས་ནན་གྱིས་བསྟན་དོན། ལས་ཡུལ་དང་པོའི་སྨན་བཅོས་མི་སྣས་ཚེ་སྲོག་གི་ཉེན་ཁར་མ་འཛེམ་པར་ནད་པ་སྐྱོབ་བཞིན་ཡོད་པ་དང་། ཕྱོགས་སོ་སོས་དུས་ཚོད་དམ་འཛིན་བྱས་ཤིང་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོར་འགན་སྲུང་མཁོ་འདོན་བྱས་ཏེ། སྨན་བཅོས་མི་སྣའི་བདེ་འཇག་ལ་ཁག་ཐེག་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ན། གཅིག་གྱུར་བཀོད་སྒྲིག་དང་གནད་འཁེལ་ཇུས་བསྟར་ལ་ཤུགས་སྣོན་བྱས་ནས། དུས་ཚོད་ལྟར་བྱ་བའི་འཕེལ་རིམ་བརྩིས་ཏེ་ཤུགས་ཆེན་པོས་རོགས་སྐྱོར་ལས་འགན་སྣ་ཚོགས་ལ་ཁག་ཐེག་བྱེད་དགོས། སྨན་བཀོལ་དངོས་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱི་མདུན་དུ་ལྷགས་པའི་དོན་དངོས་དཀའ་ཁག་སྣ་ཚོགས་ཐག་གཅོད་བྱེད་པ་གཙོར་བཟུང་ཞིང་། དེ་དག་གི་རྗེས་ཕྱོགས་ཀྱི་སེམས་ཁུར་མེད་པར་བཏང་ནས་ཁེ་ལས་ཀྱིས་མྱུར་དུ་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རིམ་པ་དང་རིགས་དགར་ནས་འགོག་སྲུང་ལྭ་བ་སོགས་མྱུར་མཁོའི་དངོས་རྫས་བེད་སྤྱོད་བྱས་ཏེ་ཚད་ཡོད་པའི་ཐོན་ཁུངས་དེ་ཆེས་མཁོ་གལ་ཆེ་བའི་ཡུལ་དང་མི་སྣའི་སྟེང་དུ་བཀོལ་བ་རྒྱུན་འཁྱོངས་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་བཀག་མེད་རྒྱུ་ལམ་གསར་འབྱེད་བྱེད་པར་དངོས་སྐྱེལ་རུ་ཁག་གི་དཔུང་སྡེའི་གཞི་རྒྱ་ཇེ་ཆེར་བཏང་སྟེ། རིམས་ནད་འགོག་བཅོས་ཀྱི་མཁོ་དངོས་དང་མང་ཚོགས་ཀྱི་འཚོ་བའི་མཁོ་དངོས་ཀྱི་འགན་སྲུང་རླངས་འཁོར་དང་མི་སྣའི་འགྲོ་འདུག་ལ་བཀག་རྒྱ་མེད་པར་ཁག་ཐེག་བྱེད་དགོས། གཅིག་གྱུར་མགོ་ཁྲིད་དང་གཅིག་གྱུར་བཀོད་འདོམ། གཅིག་གྱུར་འགུལ་སྐྱོད་བཅས་ལ་ཤུགས་སྣོན་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་སོ་སོའི་བར་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་། དངོས་རྫས་ཀྱི་བཀོད་སྒྲིག་ལ་གཅིག་གྱུར་བཀོད་འདོམ་བྱས་ཏེ། ཆེས་ཐུང་བའི་དུས་ཚོད་དང་ཆེས་ཕན་ནུས་ལྡན་པའི་སྦྲེལ་མཐུད། ཆེས་ཐད་ཀར་གྱི་བྱེད་ཐབས་བཅས་ཀྱིས་སྲོག་སྐྱོབ་དངོས་རྫས་དག་སྨན་བཅོས་མི་སྣའི་ལག་ཏུ་འཇོག་པར་འགན་སྲུང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།