ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པར་མཇལ་འཕྲད་གནངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ལ་མཇལ་འཕྲད་གནངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཀྲུང་གོའི་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱེད་པའི་འཐབ་རྩོད་དྲག་པོ་སྤེལ་བཞིན་ཡོད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ནི་ཐོག་མཐའ་བར་གསུམ་དུ་ཨང་དང་པོ་ཡིན་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་ནི་མིག་སྔའི་ཆེས་གལ་ཆེ་བའི་བྱ་བ་ཡིན། བདག་གིས་ལུགས་རྙིང་ལོ་སར་གྱི་ཉིན་དང་པོར་མགོ་འཛིན་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཤུགས་སྣོན་པའི་ཐད་བཀོད་སྒྲིག་གང་ལེགས་བྱས་པ་དང་། ཀྲུང་དབྱང་གི་རིམས་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ་གཅིག་གྱུར་མགོ་ཁྲིད་དང་གཅིག་གྱུར་བཀོད་འདོམ་བྱས་ནས། རིགས་དགར་སྟེ་ས་ཁུལ་སོ་སོའི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་མཛུབ་སྟོན་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་ནི་གདོན་འདྲེ་ལྟ་བུ་ཡིན་པ་དང་ང་ཚོས་གདོན་འདྲེ་དེ་སྦས་སྐོང་བྱེད་དུ་འཇུག་མི་རུང་། ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་མངོན་གསལ། འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ། དུས་ལྟར་རྒྱལ་ཁབ་ཕྱི་ནང་དུ་རིམས་ནད་ཀྱི་གནས་ཚུལ་ཁྱབ་སྒྲོག་བྱས་ཏེ། ཕྱོགས་སོ་སོས་སེམས་ཁུར་བྱེད་པའི་དོན་ལ་ལན་གསལ་བོ་བྱིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་ལ་མཐུན་སྦྱོར་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་གཉིས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་གྱི་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཐེངས་འདིའི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ནང་ཞུགས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་པ་ཝུའུ་ཧན་དུ་ཡོང་ནས་ཡུལ་དངོས་ནས་རྟོག་ཞིབ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངོས་ཡོད་དྲང་བདེན་དང་བློ་བདེ་ལ་བབས་ཏེ་རིམས་ནད་ཀྱི་གནས་ཚུལ་ལ་དཔྱད་འཇོག་བྱེད་པར་ཡིད་ཆེས་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཤིང་། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་དང་། ཡིད་ཆེས་བརྟན་པོ་དང་དཀའ་སྡུག་མཉམ་མྱོང་། ཚན་རིག་ལྟར་འགོག་བཅོས། གནད་འཁེལ་ཇུས་འདོན་བཅས་བྱས་ན། ང་ཚོས་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་འཐབ་རྩོད་དེའི་ཁྲོད་རྒྱལ་ཁ་ལོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས། 

ཐན་ཏི་སེ་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་ཞུས། ཁོས་བསྟན་དོན། རིམས་ནད་ཀྱི་མདུན་ནས་ཀྲུང་གོའི་སྲིད་གཞུང་གིས་འགྱུར་བ་མེད་པའི་ཆབ་སྲིད་ཀྱི་ཆོད་སེམས་མངོན་པར་བྱས་ཤིང་། དུས་ཐོག་ཏུ་ཤུགས་དང་ལྡན་པའི་བྱེད་ཐབས་སྤྱད་པར་ཀུན་གྱིས་ཁས་ལེན་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམ་དང་བཀོད་སྒྲིག་བྱས་ཏེ་ཕུལ་དུ་བྱུང་བའི་མགོ་ཁྲིད་ནུས་པ་མངོན་པར་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མངོན་གསལ་གྱིས་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། དུས་ཡུན་ཐུང་ངུའི་ནང་ནད་དུག་ལ་གསལ་འབྱེད་བྱས་པ་དང་། དུས་ལྟར་རང་འགུལ་སྒོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་གཞན་པའི་བར་འབྲེལ་ཡོད་ནད་དུག་གི་གཞི་རྒྱུའི་རིམ་པ་མཉམ་སྤྱོད་བྱས། ཀྲུང་གོའི་ཕྱོགས་ཀྱིས་སྤྱད་པའི་བྱེད་ཐབས་དེས་ཀྲུང་གོའི་མི་དམངས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པར་མ་ཟད། འཛམ་གླིང་གི་མི་དམངས་ལའང་སྲུང་སྐྱོབ་བྱེད་བཞིན་ཡོད། ང་ཚོས་དོན་དེར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུ་བཞིན་ཡོད་ཟེར། ཀྲུང་གོའི་ཕྱོགས་ཀྱི་འགུལ་སྐྱོད་མྱུར་བ་དང་གཞི་རྒྱ་ཆེ་བ་ནི་སྔ་ན་མེད་པ་ཞིག་ཡིན་ཞིང་། དེ་ལས་ཀྲུང་གོའི་མྱུར་ཚད་དང་ཀྲུང་གོའི་གཞི་རྒྱ། ཀྲུང་གོའི་ཕན་འབྲས་བཅས་མངོན་པར་བྱས་ཡོད་ལ། དེར་ང་ཚོས་གཟེངས་བསྟོད་བྱེད་བཞིན་ཡོད། དེ་ནི་ཀྲུང་གོའི་ལམ་ལུགས་ཀྱི་ཁྱད་སྟོབས་ཡིན་པས་འབྲེལ་ཡོད་ཉམས་མྱོང་དེ་རྒྱལ་ཁབ་གཞན་པས་དཔྱད་གཞིར་འཛིན་པའི་རིན་ཐང་ཡོད། ཀྲུང་གོས་སྤྱད་པའི་བྱེད་ཐབས་དེས་ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་ཚོད་འཛིན་བྱས་ཏེ་མཇུག་མཐའི་རྒྱལ་ཁ་ལོན་པར་ང་རང་ཡིད་ཆེས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོས་རིམས་ནད་འགོག་བཅོས་ཐད་སྤྱད་པའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་། ཀྲུང་གོའི་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་གང་རུང་འདོན་སྤྲོད་བྱེད་འདོད་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚན་རིག་དང་དོན་དངོས་གཞིར་བཟུང་ནས་བརྡར་གཅོད་བྱེད་པ་རྒྱུན་འཁྱོངས་དང་ཐལ་དྲགས་པའི་རྣམ་འགྱུར་དང་དོན་དངོས་དང་མི་མཐུན་པའི་གཏམ་ལ་ངོ་རྒོལ་བྱེད་ངེས་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་བར་འཐབ་ཇུས་མཉམ་ལས་སྤེལ་འདོད་ཡོད་ཟེར། 

ཏེན་ཞོས་ཞང་དང་དབྱང་ཅེ་ཁྲུ། ཝང་ཡེ་སོགས་མཇལ་འཕྲད་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།