ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་ཧུའུ་པེ་ནས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་མཛུབ་སྟོན་བྱེད་པའི་བྱ་བ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲོན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་ཁྲིད་དེ་ཧུའུ་པེ་རུ་སོང་ནས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་མཛུབ་སྟོན་བྱེད་པའི་བྱ་བ་སྤེལ། 

ཝུའུ་ཧན་དུ་འབྱོར་རྗེས། མཛུབ་སྟོན་ཚན་ཆུང་གིས་བསྟུད་མར་གྲོས་ཚོགས་བསྡུས་ཏེ་ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་ཀྱི་འགོ་བཅོས་ཚོད་འཛིན་དང་། ནད་པའི་གསོ་བཅོས། ནད་ཡམས་རིག་པའི་རྟོག་ཞིབ། དྲིལ་སྒྲོག་གླེང་ཕྱོགས་སྣེ་ཁྲིད་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་ཞིབ་འཇུག་དང་མཛུབ་སྟོན་བྱས། སུན་ཁྲོན་ལན་གྱིས་ནན་གྱིས་བསྟན་དོན། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་ནི་རིམས་ནད་བྱུང་སའི་ས་ཁུལ་གཙོ་བོ་ཡིན་པ་དང་། རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་དེ་ཁྱོན་ཡོངས་ལ་འབྲེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབ་བྱས་ཤིང་། ཡིད་ཆེས་བརྟན་པོ་དང་དཀའ་སྡུག་མཉམ་མྱོང་། ཚན་རིག་འགོག་བཅོས། གནད་འཁེལ་ཇུས་བསྟར་བཅས་བྱས་ཏེ། གཅིག་གྱུར་མགོ་ཁྲིད་དང་གཅིག་གྱུར་བཀོད་འདོམ། གཅིག་གྱུར་འགུལ་སྐྱོད་བཅས་རྒྱུན་འཁྱོངས་བྱས་ནས། ངེས་པ་དོན་གྱི་འབད་འཐབ་རྣམ་པས་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བ་ཐག་གཅོད་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་གིས་གསར་བྱུང་ནད་པར་ཚོད་འཛིན་དང་ཚ་བརྟག་དོ་དམ་ལ་ཤུགས་སྣོན་བྱེད་དགོས། སྨན་བཅོས་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་སྨན་བཅོས་ཇུས་གཞི་འཐུས་ཚང་དུ་བཏང་སྟེ། ནད་པ་ལྗིད་མོ་མྱུར་སྐྱོབ་བྱས་ནས་ཧུར་ཐག་སྒོས་ཤི་ཚད་ཇེ་དམའ་རུ་གཏོང་དགོས། གསར་དུ་བཀོད་སྒྲིག་བྱས་པའི་ནད་ཁང་དང་སྨན་ཁང་གི་སྒྲིག་ཆས་ལེགས་བཅོས་དམ་འཛིན་བྱེད་པ་དང་། སྨན་བཅོས་མཁོ་དངོས་ཀྱི་བགོ་བཤའི་བྱ་བ་བཟང་བོར་བསྒྲུབས་ཏེ་སྨན་བཅོས་མི་སྣའི་བདེ་ཐང་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར། 

མིག་སྔར། མཛུབ་སྟོན་ཚན་ཆུང་སོ་སོར་ཝུའུ་ཧན་གྲོང་ཁྱེར་གྱི་ཅིན་ཡུན་ཐན་སྨན་ཁང་སོགས་སུ་སོང་སྟེ་མིག་སྔའི་རིམས་ནད་ཀྱི་འགོ་བཅོས་ཚོད་འཛིན་བྱ་བ་དང་། ནད་པའི་གསོ་བཅོས། སྨན་བཅོས་མི་སྣའི་འགོག་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱས་ཤིང་། ཆེད་མཁས་པ་ཁ་སྣོན་བྱས་ཏེ་སྐོར་ཁག་བགོས་ནས་འགན་ཁུར་དུ་བཅུག་པ་དང་། གསོ་བཅོས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཞུགས་ཏེ་ཀྲུང་ལུགས་དང་ནུབ་ལུགས་ཀྱི་གསོ་རིག་ཟུང་དུ་སྦྲེལ་ནས་གསོ་བཅོས་བྱས། མཛུབ་སྟོན་ཚན་ཆུང་ད་རུང་ཧུའུ་པེ་ཞིང་ཆེན་གྱི་འགན་སྲུང་བཀོད་འདོམ་སྡེ་ཁག་དང་། ཞན་ཐའོ་ཞན་ཉིན་སོགས་ཀྱི་ཐོན་སྐྱེད་ཁེ་ལས་སུ་སོང་སྟེ། རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་གྱི་འགན་སྲུང་མཁོ་དངོས་ཀྱི་ཐོན་སྐྱེད་དང་སྐྱེལ་འདྲེན། མཁོ་འདོན་བཅས་ཀྱི་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཁ་ཐུམ་དང་འགོག་སྲུང་ལྭ་བ་སོགས་མཁོ་དངོས་ཀྱི་འགན་སྲུང་ཁྲོད་འཕྲད་པའི་བྱེ་བྲག་གི་གནད་དོན་ལ་ལྟ་རྟོག་དང་མཐུན་སྦྱོར་ཐག་གཅོད་བྱས་ནས། འགོག་བཅོས་ཚོད་འཛིན་གྱི་ལས་ཡུལ་དང་པོའི་བྱ་བར་ཤུགས་སྣོན་བྱས། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།