རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྡོད་ཁུལ་གྱི་འགོག་བཅོས་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ་རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས་པར་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ༡པོའི་ཚེས༢༧ཉིན་གྱི་སྔ་དྲོར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་ཏེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཚོད་འཛིན་གྱི་གཞི་གྲངས་གསར་བ་སྙན་ཞུ་བྱས་པ་དང་། སྡོད་ཁུལ་ནས་རིམསགནད་འགོག་སྲུང་ཚོད་འཛིན་བྱེད་པའི་བྱ་བར་ཤུགས་སྣོན་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁྱབ་སྒྲོག་བྱས་དོན། ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་ནམ་གུང་དུས་ཚོད་བཅུ་གཉིས་བར། རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུམ་ཅུར་རིམ་བརྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བར་བདེན་དཔང་ཐོབ་པའི་ནད་པ་སྟོང་གཉིས་དང་བདུན་བརྒྱ་ཞེ་བཞི་ཡོད་པ་དང་། གནས་ཚུལ་ཚབས་ཆེན་ཡིན་པའི་ནད་པ་བཞི་བརྒྱ་དང་རེ་གཅིག་ཡོད། རིམ་བསགས་ཀྱིས་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱད་ཅུ་ཡོད། མི་ང་གཅིག་སྨན་ཁང་ལས་ཕྱིར་བུད་ལ། ད་ལྟ་དོགས་ཡོད་ནད་པ་སྟོང་ལྔ་དང་བདུན་བརྒྱ་གོ་བཞི་ཡོད་ཟེར། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་བརྟག་བཅོས་ཇུས་གཞི་པར་ཐེངས་བཞི་བ་བཟོ་བཅོས་བྱས་ཏེ་པར་དུ་བསྐྲུན་པ་དང་། ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་སྨན་བཅོས་རུ་ཁག་བསྡོམས་པས་མི་དགུ་བརྒྱ་དང་ང་དགུ་ཝུའུ་ཧན་དུ་འབྱོར་ནས་སྨན་བཅོས་བྱ་བར་རྒྱབ་སྐྱོབ་བྱས། ཁ་ཐུམ་དང་འགོག་སྲུང་མིག་ཤེལ་སོགས་མི་སྒེར་གྱི་འགོག་སྲུང་ཡོ་བྱད་མྱུར་དུ་སྒྲིག་སྦྱོར་བྱས་ནས་སྨན་བཅོས་རུ་ཁག་གི་མི་སྒེར་འགོག་སྲུང་ལ་འགན་སྲུང་བྱས། དེའི་ཞོར་དུ་ལྟ་རྟོག་མཛུབ་སྟོན་རྩ་འཛུགས་བདུན་མངག་སྟེ་པེ་ཅིང་གྲོང་ཁྱེར་དང་ཧི་པེ་ཞིང་ཆེན། ཧྲང་ཧེ་གྲོང་ཁྱེར་སོགས་ས་ཁུལ་གྱི་མཉམ་འབྲེལ་འགོག་བཅོས་ཚོད་འཛིན་རྐྱེན་སྲོལ་གྱི་གནས་ཚུལ་སོགས་ལ་ལྟ་རྟོག་མཛུབ་སྟོན་བྱས། འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཤུགས་སྣོན་པར་གལ་འགངས་ལྷག་ཏུ་ཆེ་བ་རེད། 

འབྲེལ་ཡོད་འགན་ཁུར་མི་སྣས་ད་རུང་བསྟན་དོན། མིག་སྔར་ཁོར་ཡུག་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབས་ཏེ་ནན་ཏན་གྱིས་སྡོད་ཁུལ་གྱི་མི་མང་བོ་འདུ་སར་གཙང་དག་དང་དུག་སེལ། རླུང་རྒྱུ་བར་བྱེད་དགོས་པ་དང་། ཁྱད་པར་དུ་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚོང་རའི་ཁོར་ཡུག་ལེགས་བཅོས་དང་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་ལྐོག་འཚོང་བྱེད་པར་ལྟ་རྟོག་དོ་དམ་བྱས་ཏེ། རིམས་ནད་མཆེད་པར་སྔོན་འགོག་བྱེད་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།