ལིས་ཁི་ཆང་གིས་ཧུའུ་པེ་ཝུའུ་ཧན་དུ་རྟོག་ཞིབ་མཛད་དེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བར་མཛུབ་སྟོན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་ཚེས་ཉེར་བདུན་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ངག་བཅོལ་ལྟར་དུ་ཝུའུ་ཧན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་རྟོག་ཞིབ་མཛུབ་སྟོན་མཛད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་འགོག་བཅོས་ཚོད་འཛིན་གྱི་ལས་ཡུལ་དང་པོའི་སྨན་བཅོས་མི་སྣར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དངོས་འབེབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གོ་གནས་དང་པོར་བཞག་སྟེ། དཀའ་སྡུག་མཉམ་མྱོང་དང་སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་གསུངས། 

ལིས་ཁི་ཆང་གནམ་གྲུ་ལས་བབས་མ་ཐག་ནད་པ་ཚབས་ཆེན་ཆེས་མང་བའི་ཝུའུ་ཧན་ཅིན་ཡུན་ཐན་སྨན་ཁང་དུ་ཕེབས་ཏེ། ནད་ཁང་དུ་གསོ་བཅོས་བྱེད་པའི་སྨན་བཅོས་མི་སྣར་བརྙན་རིས་སྦྲེལ་མཐུད་བྱས་པར་མ་ཟད། ཝུའུ་ཧན་དུ་རོགས་སྐྱོར་བྱེད་པའི་ས་ཁུལ་སོ་སོ་དང་དམག་དཔུང་གི་སྨན་པའི་བར་བརྗེ་རེས་མཛད། ལིས་ཁི་ཆང་གིས་གསུང་དོན། ཁྱོད་ཚོས་རང་ནུས་ཅི་ལྕོགས་ཀྱིས་ནད་པར་གསོ་བཅོས་བྱེད་པ་དང་རང་ཉིད་ལའང་སྲུང་སྐྱོབ་གང་ལེགས་བྱེད་དགོས། དེ་ལྟར་བྱས་ན་རྒྱལ་ཡོངས་ཀྱི་མི་དམངས་ལ་ཡིད་ཆེས་སྟེར་ཐུབ་པ་དང་། རྒྱལ་ཡོངས་མི་དམངས་ཀྱིས་ཁྱོད་ཚོར་བཀའ་དྲིན་ཞུ་ངེས་ཡིན། སྨན་བཅོས་མི་སྣས་འགོག་སྲུང་ལྭ་བ་དང་འགོག་སྲུང་མིག་ཤེལ་སོགས་མཁོ་དངོས་དུས་ལྟར་མཁོ་འདོན་བྱེད་པ་དང་། སྨན་བཅོས་སྟོབས་ཤུགས་ཀྱི་དགོས་མཁོར་ཤུགས་སྣོན་བྱེད་པ་སོགས་ཀྱི་གནས་ཚུལ་ལ་གསན་རྗེས། ལིས་ཁི་ཆང་གིས་མྱུར་དུ་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་ཐག་གཅོད་བྱས་ཤིང་། རྒྱལ་ཡོངས་ཀྱིས་སྨན་བཅོས་མི་སྣ་ཁ་སྣོན་བྱེད་པ་དང་ཁྱད་པར་དུ་སྨན་གཡོག་པ་དང་མཁོ་དངོས་ཇེ་མང་དུ་བཏང་སྟེ། ཝུའུ་ཧན་ལ་འགན་སྲུང་གང་ལེགས་བྱེད་དགོས་པར་མ་ཟད་ཡོད་ཚད་ཀྱིས་དུས་ཚོད་དམ་འཛིན་བྱས་ནས་ནད་པར་གསོ་བཅོས་བྱེད་པའི་དགོས་མཁོར་ཞབས་འདེགས་བྱེད་དགོས་པའི་རེ་བ་བཏོན། 

ལིས་ཁི་ཆང་ཆེད་དུ་འཛུགས་སྐྲུན་བྱེད་བཞིན་པའི་རིམས་ནད་བྱུང་བའི་ནད་པ་གཅིག་བསྡུས་སྒོས་དང་ལེན་བྱེད་པའི་ཧོ་ཧྲན་རི་བོའི་སྨན་ཁང་གི་འཛུགས་སྐྲུན་ལས་ཡུལ་དུ་ཕེབས་ཏེ། ཁོང་གིས་བཟོ་བ་རྣམས་ལ་གསུང་དོན། རིམས་ནད་འགོག་བཅོས་བྱ་བར་བྲེལ་ཟིང་ཆེ་བ་དང་། ཁྱོད་ཚོས་དུས་ཚོད་དང་འགྲན་བཞིན་སྨན་ཁང་དེ་ནད་པ་དུས་ལྟར་དང་ལེན་ཐུབ་པའི་བདེ་འཇགས་གླིང་ཕྲན་དུ་འགྱུར་བར་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་གིས་ནད་པའི་བསྡུ་ལེན་ལ་ཁག་ཐེག་བྱེད་དགོས་ལ། ཁོང་གིས་མིའི་ཐབས་ཀྱིས་རིམས་ནད་ལ་འགོག་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། 

ཝུའུ་ཧན་གྲོང་ཁྱེར་སྡོད་དམངས་ཀྱི་འཚོ་བའི་མཁོ་འདོན་ལ་ལིས་ཁི་ཆང་གིས་སེམས་ཁུར་བྱེད་བཞིན་ཡོད། ཝུའུ་ཧན་གྲོང་ཁྱེར་གྱི་ཁྲོམ་རར་ཕེབས་ཏེ། ཚོང་རྫས་ཀྱི་མཁོ་འདོན་དང་རིན་གོང་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཉོ་ཚོང་བྱེད་པའི་མང་ཚོགས་བར་གསུང་གླེང་མཛད། ཁོང་གིས་གསུང་དོན། རྒྱལ་ཡོངས་མི་དམངས་ཚང་མ་ཁྱོད་ཚོའི་རྒྱབ་རི་བརྟན་པོ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་ཐོན་ཁུངས་འདང་ཚིམས་པ་ཡིད་ལ། ཝུའུ་ཧན་གྲོང་ཁྱེར་ཚོང་རའི་མཁོ་འདོན་དང་རིན་ཐང་གཏན་འཇགས་ཡོང་བར་འགན་སྲུང་བྱེད་ཐུབ་པ་ཁོ་ཐག་ཡིན་ཟེར། 

ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་ཚོད་འཛིན་ལྟེ་གནས་ནས། ལིས་ཁི་ཆང་གིས་ཚན་རིག་ཞིབ་འཇུག་མི་སྣས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་དགོས་པའི་སྐུལ་མ་བཏང་། དེའི་རྗེས་སུ་ཁོང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་གྲོས་ཚོགས་བསྡུས་ཤིང་། རྟོག་ཞིབ་ཁྲོད་སྙན་ཞུ་བྱས་པའི་གནད་དོན་དང་གྲོས་གཞིར་ཟུང་འབྲེལ་བྱས་ཏེ། ཁྲིམས་ལྟར་ཚན་རིག་དང་མཐུན་ཞིང་གནད་འཁེལ་གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་སྔར་ལས་བཀོད་སྒྲིག་མཛད། ལིས་ཁི་ཆང་གིས་གསུང་དོན། ཝུའུ་ཧན་གྱི་རིམས་ནད་ལ་འགོག་བཅོས་ཚོད་འཛིན་བྱས་ན་རྒྱལ་ཡོངས་མི་དམངས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་ཐུབ། ཁྱོད་ཚོས་བཏོན་པའི་རེ་འདོད་དག་དངོས་འབེབ་བྱས་ཏེ། དུས་སྐབས་སྔོན་མའི་སྨན་བཅོས་མི་སྣའི་བཀོད་སྒྲིག་དང་དངོས་རྫས་སྐྱེལ་འདྲེན་བྱས་པའི་རྨང་གཞིའི་སྟེང་། ཉིན་གཉིས་ནང་སྨན་བཅོས་མིི་སྣ་སྟོང་གཉིས་དང་ལྔ་བརྒྱ་ཡིས་ཝུའུ་ཧན་ལ་རོགས་སྐྱོར་བྱེད་དུ་ཡོང་རྒྱུ་རེད། འགོག་སྲུང་མིག་ཤེལ་ཁྲི་གཉིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་བསྐྱལ་ནས་འབྱོར་བ་དང་། འགོག་སྲུང་ལྭ་བའི་འབྲེལ་ཡོད་ཕྱོགས་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་འགན་སྲུང་བྱས་ཡོད། ཧུའུ་པེ་ཞིང་ཆེན་དང་ཧུའུ་ཧན་གྲོང་ཁྱེར་གྱིས་འགན་འཁྲི་དང་དུ་ལེན་པ་དང་། ཤུགས་ཆེན་པོས་རིམས་ནད་འགོག་བཅོས་ཚོད་འཛིན་དེ་དོན་ཆེན་དུ་བཟུང་ནས་དམ་འཛིན་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རིམས་ནད་འགོག་བཅོས་ཚོད་འཛིན་གྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས་ཞེས་གསུངས། 

སུན་ཁྲོན་ལན་དང་ཧི་ལི་ཧྥུན་རྟོག་ཞིབ་བྱ་བར་ཞུགས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།