ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གནད་འཁེལ་ཐབས་ཇུས་འཐེན་ནས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནད་འགག་དུས་སྐབས་སུ་འབད་འཐབ་བྱེད་དགོས་པར་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གཞི་གྲངས་གསར་བ་ཁྱབ་སྒྲོག་བྱས། མིག་སྔར་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་དེ་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། རྒྱལ་ཡོངས་ཀྱིས་ངེས་པར་དུ་སྔར་ལས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ། མ་རྩ་སྔར་ལས་ཉུང་བ་དང་མྱུར་ཚད་སྔར་ལས་མགྱོགས་པའི་སྒོ་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས་ཟེར། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་གི་དུས་ཚོད་ཉེར་བཞིའི་བར། རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུམ་ཅུ་ནས་རིམ་བརྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་སྟོང་གཅིག་དང་དགུ་བརྒྱ་དོན་ལྔ་ཡོད་པ་དང་། ད་ལྟ་གནས་ཚུལ་ཚབས་ཆེན་ཡིན་པའི་ནད་པ་སུམ་བརྒྱ་དང་ཉེར་བཞི་ཡོད་པ་སྙན་ཞུ་བྱས། རིམ་བརྩིས་ཀྱིས་ནད་པ་ང་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་དགུ་དྲག་ནས་སྨན་ཁང་ལས་ཕྱིར་བུད་ཡོད་ལ། མིག་སྔར་དོགས་ཡོད་ནད་པ་སྟོང་གཉིས་དང་དྲུག་བརྒྱ་གྱ་བཞི་ཡོད་ཟེར། 

འབྲེལ་ཡོད་སྡེ་ཁག་གིས་བསྟན་དོན། ལུགས་རྙིང་ལོ་སར་གྱི་གཟའ་འཁོར་གཅིག་གི་ཡུན་ནི་རིམས་ནད་བྱུང་བའི་ནད་པ་ཁ་ཁར་བྱེད་པ་དང་དུག་སེལ་བྱས་ན་ནུས་པ་འདོན་སྤེལ་ཐུབ་པའི་ཆེས་བཟང་བའི་དུས་སྐབས་ཡིན་ཞིང་། ཝུའུ་ཧན་མ་གཏོགས་པའི་རིམས་ནད་རྒྱ་ཡན་དུ་འགྲོ་བའི་གནད་འགག་དུས་སྐབས་ཀྱང་ཡིན་པས། ཞིང་སྡེ་ས་ཁུལ་གྱི་རིམས་ནད་ཞིབ་བཤེར་དང་འགོག་བཅོས་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ། རིམས་ནད་དེ་ཞིང་སྡེ་རུ་རྒྱ་ཡན་དུ་འགྲོ་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། དེ་ལས་གཞན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཧུའུ་པེ་ཞིང་ཆེན་དུ་མི་དགུ་བརྒྱ་ལྷག་ཡོད་པའི་སྨན་བཅོས་རུ་ཁག་བདུན་མངགས་པ་དང་། རྗེས་ཀྱི་ཉིན་འགའི་ནང་ཡང་བསྐྱར་མི་སྟོང་གཅིག་དང་དྲུག་བརྒྱ་ལྷག་ཡོད་པའི་སྨན་བཅོས་རུ་ཁག་བཅུ་གཉིས་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་མངག་རྒྱུ་རེད། གནས་ཚུལ་ཚབས་ཆེན་ཡིན་པའི་ནད་པ་རེ་རེར་གསོ་བཅོས་ཇུས་གཞི་རེ་བཏོན་ནས་ཚད་ཆེན་པོའི་སྒོ་ནས་ཤི་ཚད་ཇེ་དམའ་རུ་གཏོང་རྒྱུ་རེད། 

བཟོ་ལས་དང་བརྡ་འཕྲིན་པུའུ་ཡིས་ཝུའུ་ཧན་གྱིས་བཏོན་པའི་འགོག་སྲུང་ལྭ་བ་དང་ཁ་ཐུམ་སོགས་རིགས་ཆེན་པོ་བཞིའི་དངོས་ཟོང་སྣ་ཉི་ཤུ་ལྷག་གི་དགོས་མཁོའི་གསལ་ཁྲ་གཞིར་བཟུང་སྟེ། ལས་ཁུངས་སོ་སོ་དང་ཐོན་སྐྱེད་ཁེ་ལས་སོ་སོས་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ནས་ཁེ་ལས་རྩ་འཛུགས་བྱས་ནས་ཐོན་སྐྱེད་སླར་གསོའི་ཚད་བརྒྱ་ཆའི་བཞི་བཅུར་བསླེབ་ཡོད། 

མིག་སྔའི་བར་དུ། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཁ་གསབ་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་གཉིས་བྱེ་བ་གཅིག་བཏང་ཡོད་པ་དང་། སྨན་བཅོས་དང་རིམས་ནད་འགོག་བཅོས་ཚོད་འཛིན་ལ་མཁོ་བའི་སྒྲིག་ཆས་དང་དངོས་རྫས་ཀྱི་ཉོ་བསྡུའི་ཐད་བཀོལ་རྒྱུ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ས་ཁུལ་སོ་སོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་དང་དོགས་ཡོད་ནད་པ། ནད་པ་དང་འབྲེལ་འདྲིས་བྱས་པའི་མི་སྣ་སོགས་རྒྱུན་ལྡན་ལྟར་ངལ་རྩོལ་ལ་ཞུགས་མི་ཐུབ་པའི་ཁེ་ལས་ཀྱི་ལས་བཟོ་བ་དག་ལ་བར་སྐབས་དེའི་བྱ་བའི་ཕོགས་དངུལ་ཁེ་ལས་ཀྱིས་སྟེར་དགོས་པར་མ་ཟད། ལས་བཟོ་བའི་བར་གྱི་ངལ་རྩོལ་གན་རྒྱ་རྩིས་མེད་དུ་གཏོང་མི་རུང་བའི་རེ་བ་བཏོན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བསྟན་དོན། ཚེས་ཉེར་ལྔ་ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་འགྲུལ་བའི་ཁ་གྲངས་བསྟུད་མར་ཇེ་དམའ་རུ་སོང་བ་དང་། ལྕགས་ལམ་སྡེ་ཁག་གིས་འགྲུལ་བའི་འཁོར་སྒམ་ཇེ་ཉུང་དུ་བཏང་སྟེ་སྔོན་ལ་རིམས་འགོག་དངོས་རྫས་ཀྱི་སྐྱེལ་འདྲེན་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།