ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཚོད་འཛིན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བར་བཀོད་སྒྲིག་གང་ལེགས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཚོད་འཛིན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་མགོ་འཛིན་མཛད་དེ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་བཀོད་སྒྲིག་གང་ལེགས་བྱས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིན་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ནས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་བྱས་པ་དང་། འགོག་བཅོས་ཚོད་འཛིན་བྱ་བར་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན། ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནངས་ཤིང་། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཡང་བསྐྱར་ཞིབ་འཇུག་དང་། ཡང་བསྐྱར་བཀོད་སྒྲིག ཡང་བསྐྱར་སྐུལ་སློང་བཅས་བྱས་པ་དང་། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཚོད་འཛིན་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་བྱ་བ་སྤེལ་ནས། རྒྱལ་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གཅིག་གྱུར་མགོ་ཁྲིད་དང་གཅིག་གྱུར་བཀོད་འདོམ་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད། 

གྲོས་ཚོགས་ནས་བསྟན་དོན། མིག་སྔར་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནད་འགག་གི་དུས་ཡིན་པས། རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་གིས་བསམ་བློ་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ཤིང་། རིམས་ནད་འགོག་བཅོས་ཚོད་འཛིན་དེ་མིག་སྔའི་བྱ་བ་ཆེས་གཙོ་བོར་བརྩིས་ཏེ། སྔར་ལས་གཅིག་ཆོད་དང་གོ་རིམ་ལྡན་པ། ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ། ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་དགོས་ཟེར། 

གྲོས་ཚོགས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཤུགས་སྣོན་དགོས། ཀྲུང་དབྱང་གིས་ཧུའུ་པེ་ཞིང་ཆེན་དུ་མཛུབ་སྟོན་ཚན་ཆུང་མངག་སྟེ་འགོག་བཅོས་ཚོད་འཛིན་ལས་ཡུལ་དང་པོའི་བྱ་བར་ཤུགས་སྣོན་བྱེད་པར་སྐུལ་འདེད་བཏང་། རྒྱལ་ཡོངས་ཀྱི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་ཐོག་མར་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་ལ་མྱུར་དུ་མཁོ་བའི་སྨན་བཅོས་སྟོབས་ཤུགས་དང་གསོ་བཅོས་དངོས་རྫས་ལ་འགན་སྲུང་བྱེད་པ་དང་། འཚོ་བའི་མཁོ་དངོས་ཀྱི་མཁོ་འདོན་ལ་ཁག་ཐེག་བྱེད་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་རིམ་པ་བཞིན་དུ་འགན་འཁྲི་དངོས་འབེབ་བྱས་པ་དང་། གཅིག་བསྡུས་གསོ་བཅོས་སྨན་ཁང་མྱུར་དུ་འཛུགས་སྐྲུན་བྱས་ཏེ་དུས་ལྟར་ཚ་རྒྱས་པའི་ནད་པར་བརྟག་དཔྱད་བྱ་དགོས་པར་མ་ཟད། སྨན་བཅོས་མི་སྣའི་ལས་རེས་དང་འགོག་སྲུང་ལ་ཤུགས་སྣོན་དགོས་ཟེར། 

གྲོས་ཚོགས་ལས་གར་གཏོགས་ས་གནས་ཀྱི་འགན་འཁྲི་དངོས་འབེབ་བྱེད་དགོས་པའི་རེ་བ་བཏོན། ས་ཁུལ་སོ་སོས་རིམས་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་འཛུགས་པ་དང་། ཏང་སྲིད་ཀྱི་འགན་ཁུར་བ་གཙོ་བས་དངོས་སུ་སྣེ་ཁྲིད་བྱས་ཏེ། འགོག་བཅོས་ཚོད་འཛིན་བྱ་བར་འགོར་འགྱངས་བྱེད་མི་རུང་། རིམས་ནད་ཞིབ་བཤེར་དང་ནད་པར་བརྟག་བཅོས་དང་གཅིག་བསྡུས་གསོ་བཅོས་བྱེད་པ། དོགས་ཡོད་ནད་པ་ཁ་ཁར་དགར་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཅུང་མང་བའི་གྲོང་ཁྱེར་གྱིས་མྱུར་དུ་གནས་གཏན་འཁེལ་གྱི་སྨན་ཁང་ཇེ་མང་དུ་གཏོང་དགོས། ཞིང་སྡེའི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་མཐོང་ཆེན་བྱས་ཤིང་། གཞི་རིམ་རྩ་འཛུགས་དང་ཞིང་སྡེའི་སྨན་པའི་ནུས་པ་འདོན་སྤེལ་བྱས་ཏེ་མང་ཚོགས་ཀྱིས་མཉམ་དུ་འགོག་བཅོས་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། ལུགས་རྙིང་ལོ་སར་གནང་བའི་རྗེས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་བཀོད་སྒྲིག་གང་ལེགས་བྱེད་པ་དང་། ལུགས་རྙིང་ལོ་སར་གྱི་གནང་བའི་ཡུན་ཚད་འོས་འཚམ་གྱིས་ཇེ་རིང་དུ་གཏོང་བ་དང་སློབ་གྲྭའི་སློབ་མགོ་རྩོམ་པའི་དུས་ཚོད་ལེགས་སྒྲིག་བྱེད་དགོས་ཟེར། 

གྲོས་ཚོགས་ནས་བསྟན་དོན། ནད་པའི་གསོ་བཅོས་ལ་ཤུགས་སྣོན་བྱས་ཏེ་ཚད་ཆེན་པོའི་སྒོ་ནས་ཤི་ཚད་ཇེ་དམའ་རུ་གཏོང་དགོས། མཉམ་འབྲེལ་འགག་སྒྲོལ་བྱས་ཤིང་འགོག་སྨན་གྱི་གསར་སྤེལ་ལ་མྱུར་དུ་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱེད་དགོས་པ་དང་། དུས་ལྟར་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་གནས་ཚུལ་མངོན་གསལ་དུ་ཁྱབ་སྒྲོག་བྱས་ཏེ་རང་འགུལ་སྒོས་སྤྱི་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དོན་ལ་ལན་སྟེར་དགོས། འགོག་སྲུང་ཤེས་བྱའི་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབས་ཏེ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར། 

མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞོས་ཞང་དང་། སུང་ཁྲོན་ལན། ཧོང་ཁོན་མེན། ཚེ་ཆི། ཝང་དབྱེ། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།