ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་པེ་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་དགུས་རིམས་ནད་འགོག་བཅོས་བྱེད་པ་དང་ས་ཁུལ་སོ་སོས་རོགས་སྐྱོར་བྱེད་པར་བྲེལ་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིམས་ནད་འགོག་བཅོས་བྱེད་ཆེད་ཧུའུ་པེ་ཞིང་ཆེན་གྱིས་ནང་ཁུལ་དུ་རྒྱ་ཡན་ལ་འགྲོ་བར་འགོག་པ་དང་ཕྱི་རུ་འགོ་བར་བཀག་འགྲོག་བྱེད་བཞིན་ཡོད། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོས་རོགས་སྐྱོར་གང་ལེགས་བྱས་ཤིང་། སྨན་བཅོས་མི་སྣ་དག་གིས་བསྟུད་མར་གསོ་བཅོས་འགོག་སྲུང་བྱས་ཏེ་རིམས་ནད་རྒྱ་ཡན་དུ་འགྲོ་བའི་རྣམ་པར་ཚོད་འཛིན་བྱས། 

ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོའི་བར། ཧུའུ་པེ་ཞིང་ཆེན་གྱིས་བསྡོམས་པས་སྨན་བཅོས་བདེ་སྲུང་མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་གསུམ་བཏང་། དེའིནང་ཝུའུ་ཧན་གྲོང་ཁྱེར་གྱིས་དུང་ཕྱུར་བདུན་ལྷག་བཏང་ནས། ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་ཀྱི་སྨན་བཅོས་འགན་སྲུང་བྱ་བ་དུས་ལྟར་གོ་རིམ་ལྡན་པར་སྤེལ་བར་ཁག་ཐེག་བྱས། མིག་སྔར་ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་མི་སྣ་ཚང་མས་ལས་གནས་གཏན་སྲུང་བྱས་ཡོད་པ་དང་། སྨན་བཅོས་མི་སྣ་ལྔ་བཅུ་ལྷག་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་ཞུགས་ཏེ། སོ་སོར་སྨན་བཅོས་གསོ་བཅོས་དང་འགོ་ནད་ཀྱི་རྟོག་ཞིབ། དུག་སེལ། ཁྲིམས་ལྟར་ལྟ་རྟོག་བྱ་བ་བཅས་ཀྱི་འགན་ཁུར་ཡོད། 

ཝུའུ་ཧན་གྲོང་ཁྱེར་གྱིས་བསྟུད་མར་མགྲོན་ཁང་བཅུ་ལྷག་བཀོད་སྒྲིག་བྱས་ཏེ། ནད་པ་དང་འབྲེལ་འདྲིས་བྱས་པའི་མི་ལ་གསོ་རིག་བརྟག་དཔྱད་བྱེད་པ་དང་། སྨན་བཅོས་མི་སྣའི་ངལ་གསོ་བྱེད་སར་འདོན་སྤྲོད་བྱས། 

བློ་སེམས་གཅིག་མཐུན་གྱིས་རིམས་ནད་འགོག་རྒོལ་བྱེད་དགོས། ཀོང་ཏུང་དང་ཀྲེ་ཅང་། སི་ཁྲོན། ཧྲན་ཏུང་སོགས་ས་ཁུལ་གྱིས་སྨན་བཅོས་རུ་ཁག་རྩ་འཛུགས་བྱས་ཏེ་ཝུའུ་ཧན་ལ་རོགས་སྐྱོར་བྱས། ལུགས་རྙིང་གི་གནམ་སྟོང་ནི་ཁྱིམ་མི་ལྷན་འཛོམས་ཀྱི་ཉིན་མོ་ཡིན་ཡང་། ཧྲང་ཧེ་གྲོང་ཁྱེར་གྱི་སྨན་བཅོས་མི་སྣ་བརྒྱ་ལྷག་མཚན་བརྒྱབ་ནས་ཝུའུ་ཧན་དུ་ཆས། དུས་ཚོད་ཉེར་བཞིའི་ནང་། སྨན་ཁང་ང་གཉིས་ཀྱི་མི་བརྒྱ་དང་སོ་དྲུག་མཉམ་དུ་ལམ་ལ་ཆས། 

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། བཅིངས་འགྲོལ་དམག་གིས་སོ་སོར་སྐམ་དམག་དང་མཚོ་དམག མཁའ་དམག་བཅས་ཀྱི་གསོ་རིག་སློབ་ཆེན་ནས་མི་བཞི་བརྒྱ་དང་ལྔ་བཅུས་གྲུབ་པའི་སྨན་བཅོས་རུ་ཁག་གསུམ་རྩ་འཛུགས་བྱས་ཤིང་། སོ་སོར་མཁའ་དམག་གི་དམག་དོན་གནམ་གྲུར་བསྡད་དེ་ཧྲང་ཧེ་དང་ཁྲོང་ཆིན། ཞི་ཅིན་བཅས་ས་ཁུལ་གསུམ་ནས་ལམ་དུ་ཆས་པ་དང་། ཚེས་ཉེར་བཞི་ཉིན་གྱི་ནམ་གུང་ཝུའུ་ཧན་དུ་འབྱོར། ཁོ་ཚོ་སོ་སོར་ཅིན་ཡུན་ཐན་སྨན་ཁང་སོགས་སྨན་ཁང་གསུམ་དུ་སོང་ནས་རིམས་ནད་འགོག་བཅོས་ཚོད་འཛིན་དང་གསོ་བཅོས་བྱ་བ་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : བསམ་ནོར།