ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་གྱ་བདུན་ཡོད་པ་དང་སྡེ་ཁག་མང་བོ་རིམས་འགོག་བྱ་བའི་ནང་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ། བསྟུད་མར་ཉིན་འགའི་རིང་སྡེ་ཁག་སོ་སོས་མྱུར་དུ་མཐུན་སྦྱོར་འགུལ་སྐྱོད་སྤེལ་ཏེ། ཤུགས་ཆེན་པོས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ཁྲོད་དུ་ཞུགས། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྙན་ཞུ་བྱས་པ་ལྟར་ན། ཟླ་དང་པོའི་ཚེས་ཉེར་བཞི་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་བར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཉེར་དགུ་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་གྱ་བདུན་ཡོད་པ་དང་། དེའི་ནང་ནད་པ་ཉིས་བརྒྱ་དང་སོ་བདུན་ཚབས་ཆེན་ཡིན་ལ། མི་ཞེ་གཅིག་རྐྱེན་ལམ་དུ་ཤོར། མི་སོ་བརྒྱད་སངས་དྲག་ཏུ་གྱུར་ཏེ་སྨན་ཁང་ནས་བུད། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཉི་ཤུ་རུ་རིམ་བསགས་ཀྱིས་སྙན་ཞུ་བྱས་པའི་ནད་པ་སྟོང་གཅིག་དང་དགུ་བརྒྱ་རེ་ལྔ་ཡོད། མིག་སྔར་ནད་པ་དང་འབྲེལ་འདྲིས་བྱས་མྱོང་བའི་མི་ཁྲི་གཅིག་དང་སྟོང་ལྔ་ཆིག་བརྒྱ་གོ་བདུན་གྱི་རྗེས་འདེད་བྱེད་བཞིན་ཡོད་ལ། གསོ་རིག་བརྟག་དཔྱད་བྱས་ཏེ་མི་སྟོང་གཅིག་དང་ཉིས་བརྒྱ་སུམ་ཅུར་རིམས་ནད་བྱུང་མེད་པ་བདེན་དཔང་བྱས་པ་དང་། ད་རུང་མི་ཁྲི་གཅིག་དང་སྟོང་གསུམ་དགུ་བརྒྱ་རེ་བདུན་ལ་གསོ་རིག་བརྟག་དཔྱད་བྱེད་བཞིན་ཡོད། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་ཐིན་གྱིས་ཚེས་ཉེར་བཞི་ཉིན་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འབྲེལ་དྲ་རྒྱ་བརྒྱུད་དེ་སྤྱི་ཚོགས་སུ་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་ཀྱི་འགན་འཁྲི་དངོས་འབེབ་བྱས་པ་མི་བཟང་བ་དང་། འགོག་བཅོས་ཀྱི་ནུས་པ་ཞན་པ། འགྲོ་ཐབས་འདུག་བདེ་བྱེད་པ་སོགས་ཀྱི་གནད་དོན་ཁུངས་སྣེ་དང་། འགོག་བཅོས་ཚོད་འཛིན་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་འཆར་གྲོས་གཞི་འཚོལ་སྡུད་བྱས། རིམས་ནད་གནས་ཚུལ་གསང་རྒྱ་དང་འགོར་འགྱངས་བྱས་པ་དང་། འགོག་བཅོས་ཚོད་འཛིན་བྱེད་ཐབས་ནུས་ལྡན་མིན་པ་ལས་རིམས་ནད་རྒྱ་ཡན་དུ་བཏང་བ་སོགས་མཇུག་འབྲས་ཚབས་ཆེན་བྱུང་ན། ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་རྒྱུ་རེད། 

ནོར་སྲིད་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་སྟེ། ནད་པའི་གསོ་བཅོས་གྲོན་དངུལ་ཁ་གསབ་སྲིད་ཇུས་དངོས་འབེབས་བྱས་ཤིང་། ནད་པའི་སྨན་བཅོས་གྲོན་དངུལ་དེ་གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ཚབས་ཆེན་གྱི་ཉེན་ཚབ། སྨན་བཅོས་རོགས་སྐྱོར་སོགས་གཏན་འཁེལ་ལྟར་རྩིས་སྤྲོད་བྱས་རྗེས། མི་སྒེར་གྱིས་འགན་ལེན་བྱེད་པའི་ཁག་ལ་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱིས་ཁ་གསབ་བྱེད་རྒྱུ་ཐག་བཅད། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མངག་གཏོང་བྱས་པའི་ནད་པ་ཚབས་ཆེན་གྱི་ཆེད་མཁས་པས་ནད་པའི་གསོ་བཅོས་ཀྱི་ནད་ཐོག་མཛུབ་སྟོན་ལ་ཤུགས་སྣོན་བྱས་པ་དང་། རྒྱལ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་གློད་ཚད་བརྟག་བཅོས་གཏན་འཁེལ་སྨན་ཁང་དང་། ཚ་རྒྱས་པའི་བརྟག་དཔྱད་ཚན་ཁག་གི་མིང་ཐོ་ཁྱབ་སྒྲོག་བྱས། མི་སྟོང་གཅིག་དང་ཉིས་བརྒྱ་སུམ་ཅུས་གྲུབ་པའི་སྨན་བཅོས་གསོ་བཅོས་རུ་ཁག་དྲུག་རྩ་འཛུགས་བྱས་ཏེ་ཝུའུ་ཧན་ལ་རོགས་སྐྱོར་བྱས་པ་དང་། ཞོར་དུ་རྗེས་གྲབས་རུ་ཁག་དྲུག་གིས་དུས་ངེས་མེད་དུ་བཀའ་སྒུག་བྱས་ཡོད། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའུ་ཡིས་ཁེ་ལས་བདུན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྨན་རྫས་བྲེལ་མྱུར་ཆོག་མཆན་འགོད་པའི་ལས་རིམ་དུ་ཞུགས་པར་ཡིད་འཐད་བྱུང་བ་དང་། ཐོན་རྫས་དེ་མྱུར་མོར་ཐོ་འགོད་རེ་ཞུའི་གྲ་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ཏེ་དུས་ཐོག་ཏུ་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་ཞུགས་པར་ཁག་ཐེག་བྱས། 

བཟོ་ལས་དང་བརྡ་འཕྲིན་པུའུ་སོགས་ཀྱིས་ཝུའུ་ཧན་དུ་འབྱོར་བའི་མྱུར་མཁོའི་དངོས་རྫས་སྐོར་གཉིས་པའི་གསལ་ཁྲ་འབྱོར་རྗེས་མྱུར་དུ་འགུལ་སྐྱོད་སྤེལ་རྒྱུ་རེད། ལག་ཤུབ་དང་ཁ་ཐུམ། འགོག་སྲུང་ལྭ་བ་བཅས་ལས་གཞན། རླུང་འདྲེན་མ་ལག་དང་ལག་འཛིན་སྨུག་ཕྱིའི་འོད་ཀྱི་ཞིབ་བཤེར་དཔྱད་ཆས། བརྒྱད་བཞི་དུག་སེལ་གཤེར་ཁུ་སོགས་དུག་སེལ་མཁོ་དངོས་ཀྱི་ཐོན་ཁུངས་ལ་རྩ་འཛུགས་དངོས་འབེབ་བྱས། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མྱུར་མཁོའི་དངོས་རྫས་དང་སྨན་བཅོས་མི་སྣའི་རླངས་འཁོར་ལ་མྱུར་བགྲོད་གཞུང་ལམ་གྱི་གླ་རིན་མེད་པར་སྔོན་ལ་གཏོང་བའི་ཐབས་ལམ་ལག་བསྟར་བྱས། ཤར་ཕྱོགས་མཁའ་འགྲུལ་དང་ལྷོ་ཕྱོགས་མཁའ་འགྲུལ་གྱི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་མི་སྣ་དང་སྨན་རྫས་དྲུད་པའི་རླངས་འཁོར་སྐོར་དང་པོ་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་ཝུའུ་ཧན་དུ་འབྱོར། 

སློབ་གསོ་པུའུ་ཡིས་སློབ་གྲྭ་སོ་སོས་རིམས་ནད་ཀྱི་གནས་ཚུལ་འགྱུར་ལྡོག་ལྟར་དུ་སློབ་མགོ་རྩོམ་པའི་དུས་ཚོད་གཏན་འཁེལ་བྱེད་པ་དང་འདུ་ཚོགས་བྱ་འགུལ་སྤེལ་མི་རུང་བའི་བཀོད་སྒྲིག་བྱས།

སྒོ་ཁྲལ་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་སྲུང་ཨུ་ཡོན་ལྷན་ཁང་དང་མཉམ་དུ་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁོངས་བརྒལ་བའི་མི་སྣར་ཚ་ཡོད་པ་དང་ལུ་བརྒྱ་ཡོད་པ། དབུགས་འབྱིན་རྔུབ་དཀའ་བ་སོགས་སྣང་ཚུལ་མི་འཚམ་པ་ཡོད་ན་སྒོ་ཁྲལ་ལས་བྱེད་མི་སྣར་རང་འགུལ་གྱིས་སྙན་ཞུ་བྱས་ཏེ། ལུས་དྲོད་བརྟག་པ་དང་གསོ་རིག་བརྟག་དཔྱད་སོགས་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་བྱ་བར་གཞོགས་འདེགས་གང་ལེགས་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : བསམ་ནོར།