ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་གནས་ཚུལ་སྙན་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རྒྱ་ཡན་དུ་འགྲོ་བའི་རྣམ་པར་མཐའ་གཅིག་ཏུ་ཚོད་འཛིན་བྱེད་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་མང་བོས་ནད་པའི་གསོ་བཅོས་ཐབས་ལམ་ཚད་ལྡན་དུ་བཏང་ཞིང་། བཀོད་སྒྲིག་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ་འཕྲལ་སྒྲུབ་དངོས་པོའི་མཁོ་འདོན་ལ་འགན་སྲུང་བྱས། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྙན་ཞུ་བྱས་པ་ལྟར་ན། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་དུས་ཚོད་བཅུ་གཉིས་བར། རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཉེར་ལྔ་རུ་རིམ་བསགས་ཀྱིས་སྙན་ཞུ་བྱས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་ལྔ་བརྒྱ་དང་དོན་གཅིག་ཡོད་པ་དང་། དེའི་ནང་ནད་པ་གོ་ལྔའི་གནས་ཚུལ་ཚབས་ཆེན་ཡིན་ལ། ནད་པ་བཅུ་བདུན་རྐྱེན་ལམ་དུ་ཤོར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་གསུམ་ནས་རིམ་བསགས་ཀྱིས་དོགས་ཡོད་ནད་པ་སུམ་བརྒྱ་དང་གོ་གསུམ་སྙན་ཞུ་བྱས་པ་དང་། མིག་སྔར་ནད་པ་དང་འབྲེལ་འདྲིས་ཟབ་པའི་མི་སྟོང་ལྔ་དང་བརྒྱད་བརྒྱ་གོ་བདུན་རྗེས་འདེད་ལྟ་རྟོག་བྱས། མི་དགུ་བརྒྱ་དང་རེ་དགུར་གསོ་རིག་རྟོག་ཞིབ་བྱས་ཏེ་དོགས་གཞི་སེལ་བ་དང་། མི་སྟོང་བཞི་དང་དགུ་བརྒྱ་ཉེར་བརྒྱད་ལ་གསོ་རིག་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྟག་བཅོས་ཇུས་གཞིའི་པར་གཞི་གསར་བར་བཟོ་བཅོས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་དེ་སྔ་མོ་ནས་ཤེས་པ་དང་། ཁ་ཁར་བྱས་ཏེ་གསོ་བཅོས་བྱེད་པར་ཤུགས་སྣོན་བྱས་ནས། ཚད་ཆེན་པོའི་སྒོ་ནས་སྨན་ཁང་དུ་འགོ་བའི་སྣང་ཚུལ་ཇེ་ཉུང་དུ་གཏོང་དགོས་པ་ནན་བཤད་བྱས་ཡོད། དེའི་ཞོར་དུ་ལྟ་རྟོག་སྣེ་ཁྲིད་ཚན་ཆུང་ཉེར་གཅིག་རྩ་འཛུགས་བྱས་ཏེ། གཙོ་བོ་མཉམ་འབྲེལ་སྔོན་འགོག་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་། རིམས་ནད་འགོག་པའི་བྱེད་ཐབས། གསོ་བཅོས་ལས་ཁུངས་གཏན་འཁེལ་བྱེད་པ། ཚ་ལ་བརྟག་པའི་ཚན་ཁག་དང་སྨན་བཅོས་མི་སྣ་བཀོད་སྒྲིག་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ལྟ་རྟོག་སྐུལ་འདེད་བཏང་། 

ཝུའུ་ཧན་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམ་པུའུ་ཡིས་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་གྱི་ཞོགས་པར་སྤེལ་བའི་གནས་ཚུལ་ལྟར་ན། ཤུགས་ཆེན་པོས་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབས་ཏེ་ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་འགོ་བའི་ཐབས་ལམ་གཅོད་པའི་ཆེད་དུ། ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་བཅུ་ནས་བཟུང་། ཝུའུ་ཧན་གྲོང་ཁྱེར་ཧྲིལ་བོའི་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ། གྲུ་གཟིངས། རྒྱང་བཞུད་འགྲུལ་སྐྱེལ་བཅས་མཚམས་བཞག་པ་དང་། དམིགས་བསལ་གྱི་རྒྱུ་རྐྱེན་མེད་ན་གྲོང་ཁྱེར་སྡོད་དམངས་དག་ཝུའུ་ཧན་དང་ཁ་འབྲལ་མི་རུང་ལ། གནམ་གྲུ་ཐང་དང་མེ་འཁོར་འབབ་ཚིགས་ཀྱི་ཝུའུ་ཧན་དང་ཁ་འབྲལ་སའི་རྒྱུ་ལམ་གནས་སྐབས་སུ་བཀག་སྡོམ་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།