ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལུགས་རྙིང་ལོ་སར་གྱི་མཉམ་སྤྲོའི་ཚོགས་འདུ་སྤེལ་བ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་ཉི་ཤུ་ལོའི་ལུགས་རྙིང་ལོ་སར་གྱི་མཉམ་སྤྲོའི་ཚོགས་འདུ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནངས། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་རྒྱལ་དུ་སྡོད་པའི་རིགས་གཅིག་སྤུན་ཟླ་བཅས་ལ་ལོ་སར་གྱི་འཚམས་འདྲི་མཛད། 

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་མཉམ་སྤྲོའི་ཚོགས་འདུར་ཞུགས་པ་དང་། ལིས་ཁི་ཆང་གིས་མགོ་འཛིན་མཛད། 

མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཚོམས་ཁང་དུ་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་དང་གློག་སྒྲོན་གྱིས་ཀུན་ནས་བརྒྱན་ཡོད་པ་དང་། ལས་རིགས་སོ་སོའི་མི་སྣ་སྟོང་གཉིས་ལྷག་ལྷན་དུ་འཛོམས་ཏེ། ལོ་རྙིང་བ་ཕར་བསྐྱལ་ནས་ལོ་གསར་བར་བསུ་བ་ཞུས་པ་དང་། དགའ་སྤྲོའི་གཏམ་གླེང་ཁྲོད་དུ་དུས་ཆེན་གྱི་སྤྲོ་སྐྱིད་རྣམ་པས་ཁེངས་འདུག 

སྔ་དྲོའི་དུས་ཚོད་བཅུའི་སྟེང་། སྤྲོ་སེམས་རབ་ཏུ་འཁོལ་བའི་རོལ་དབྱངས་ཁྲོད་ནས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོམས་ཁང་དུ་ཕེབས་པ་དང་། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས། 

ཞི་ཅིན་ཕིང་གིས་གསུང་བཤད་གནངས། ཞི་ཅིན་ཕིང་གིས་གསུང་དོན། ཐོག་མར་བདག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ། ཚང་མར་དུས་ཆེན་གྱི་སྨོན་འདུན་རྣམ་དག་ཞུ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་རྒྱལ་དུ་སྡོད་པའི་རིགས་གཅིག་སྤུན་ཟླ་བཅས་ལ་ལོ་སར་གྱི་འཚམས་འདྲི་ཞུས་པ་ཡིན། བྱི་བའི་ལོ་ལ་ཚང་མར་དགའ་སྐྱིད་ལྡན་ཞིང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ། 

ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་ང་ཚོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་སྟེང་གོམ་སྟབས་ཆེན་པོས་མདུན་བསྐྱོད་བྱས་ཤིང་། ང་ཚོས་གཏན་འཇགས་ཁྲོད་ཡར་ཐོན་བརྩོན་པའི་བྱ་བའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ང་ཚོས་བཅོས་བསྒྱུར་སྒོ་འབྱེད་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་བཏང་། དཔལ་འབྱོར་འཁོར་སྐྱོད་ཀྱི་ལུགས་མཐུན་རྣམ་པ་སྲུང་འཛིན་བྱས་ཡོད་ལ། མཁྲེགས་གཏོར་ཆེན་མོ་གསུམ་ལ་གྲུབ་འབྲས་གསར་བ་ཐོབ། ཚན་རྩལ་གསར་གཏོད་ཀྱི་འཕྲིན་བཟང་ཡང་ཡང་བསྒྲགས། དབུལ་ཐར་མཁྲེགས་གཏོར་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། དམངས་འཚོའི་ལས་དོན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་། རྒྱལ་སྲུང་དང་དམག་དཔུང་གི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་སོ་སོའི་ཕྱི་འབྲེལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པར་མ་ཟད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ཆེན་པོ་བླངས། ང་ཚོས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་སྤེལ་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ང་ཚོས་ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུ་འགོར་བར་རྟེན་འབྲེལ་ཞུས་པ་དང་། ཞང་ཀང་དང་ཨོ་མིན་གྱི་དར་རྒྱས་དང་གཏན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས། ཁྱད་པར་དུ་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་ཤིང་། རྔམ་བརྗིད་ལྡན་ཞིང་སྤྲོ་སྣང་གིས་ཁེངས་པའི་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་དམག་གཟིགས་བྱ་འགུལ་གཟབ་རྒྱས་ངང་སྤེལ། རྒྱལ་དར་སྲུང་མཁན་དུང་ཕྱུར་བཅུ་བཞི་ཡིས་ཀྲུང་གོ་གསར་བར་བསྟོད་གླུ་བླངས་པ་དང་། འབད་འཐབ་ཀྱི་དུས་རབས་གསར་བའི་གདངས་དབྱངས་དྲག་པོས་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས་པ་དང་། མཐུན་སྒྲིལ་ཡར་ཐོན་གྱི་སྟོབས་ཤུགས་ཆེན་མོ་སྐུལ་སྤེལ་བྱས། ང་ཚོས་ཏང་ཡོངས་སུ་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་སྙིང་སློབ་གསོ་སྤེལ་ཏེ། གུང་ཁྲན་ཏང་ཡོན་བྱེ་བ་དགུ་ལྷག་གིས་དུས་ངེས་མེད་དུ་མང་ཚོགས་སེམས་སུ་འཛིན་པ་དང་ཐོག་མཐའ་བར་གསུམ་དུ་མི་དམངས་བར་སྐྱིད་སྡུག་མཉམ་མྱོང་བྱེད་པའི་གཅིག་སེམས་གཅིག་སྦྲེལ་གྱི་ཐུན་མོང་ལས་དབང་སྲུང་བར་སྐུལ་མ་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། ལོ་གསར་བའི་ནང་། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་བརྩོན་ལེན་བྱས་ཏེ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་བརྒྱ་སྟོང་མང་བོའི་རིང་གི་དམངས་ཀྱི་དོན་ལ་འབྱོར་འབྲིང་མངོན་འགྱུར་བྱེད་པའི་སེམས་འདུན་རྣལ་མ་དེ་མངོན་འགྱུར་བྱེད་དགོས། དེ་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། 

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་དུ་སྦྲེལ་ནས། གནས་ལྔ་གཞི་གཅིག་ཅན་གྱི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་བཀོད་འདོམ་བྱས་ལ། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ནས། གཏན་འཇགས་ངང་འཕར་སྣོན་བྱེད་པ་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཀྱི་འཚོ་བར་ཕན་པར་བྱེད་པ། ཉེན་ཁར་སྔོན་འགོག་བྱེད་པ། གཏན་འཇགས་ལ་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་ཁག་ཐེག་བྱས་པས། མི་དམངས་ཀྱི་ཁས་ལེན་ཐོབ་པར་མ་ཟད་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་བྱུང་། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བདག་གིས་ད་ལོའི་ལོ་གསར་བའི་རྟེན་འབྲེལ་ཤིས་ཚིག་ནང་དུས་ཚོད་དམ་འཛིན་བྱས་ཏེ་ལང་ཚོ་ཆུད་ཟོས་སུ་གཏོང་མི་རུང་བར་བསྟན་ཡོད། དེར་ཐོག་མར་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཕྱོགས་ནས་གོ་བ་ལེན་དགོས། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ལྔ་ལྷག་གི་དཔལ་ཡོན་ལོ་རྒྱུས་ལྡན་ཞིང་། ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་འཕེལ་རིམ་ཁྲོད་མིའི་རིགས་ཀྱི་དཔལ་འབྱོར་གོང་འཕེལ་ཐད་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། ཡིན་ཡང་ཉེ་རབས་ཀྱི་རྗེས་སུ། ཀྲུང་ཧྭ་མི་རིགས་དེ་ཕྱི་ནང་གི་འགལ་རྐྱེན་མང་བོས་ཡུན་རིང་འགོར་འགྱངས་བྱས་པས། ཀྲུང་གོའི་མི་དམངས་ལ་ཐོག་མཐའ་བར་གསུམ་དུ་རྒྱུན་ལྡན་ལས་བརྒལ་བའི་བྲེལ་འཚུབ་བསམ་པ་དང་དུས་རབས་ཀྱི་འདུ་ཤེས་ཡོད་དགོས། ལོ་རྒྱུས་ལ་ཕྱིར་དྲན་བྱས་ན། ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་བརྒྱ་དང་བཅུའི་དུས་ཚོད་སྤྱད་དེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱས་པ་དང་། ལོ་ངོ་བདུན་ཅུ་བཀོལ་ནས་ཡར་ལངས་པ་ནས་འབྱོར་ཕྱུག་ཅན་དུ་འགྱུར་བ་དང་། དེ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་ཐོལ་བརྒལ་མངོན་འགྱུར་བྱས་པར་མ་ཟད། ལོ་ངོ་བཞི་བཅུའི་དུས་ཚོད་བཀོལ་ནས་ཕྱོགས་བསྡུས་རྒྱལ་ཤུགས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད། རྒྱལ་སྤྱིའི་ཤུགས་རྐྱེན་བཅས་ལྡབ་འགྱུར་གྱིས་ཇེ་ཆེར་འགྲོ་བ་མངོན་འགྱུར་བྱུང་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟ་ནས་དུས་རབས་འདིའི་དུས་དཀྱིལ་བར། ང་ཚོས་འཐབ་ཇུས་འཆར་འགོད་བྱས་ཡོད་ཅིང་། རིམ་པ་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པ་མངོན་འགྱུར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པ། མཇུག་མཐར་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་དགོས། དེ་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་དུས་རབས་གསར་བའི་འབད་འཐབ་དང་ཀྲུང་ཧྭའི་དཔལ་ཡོན་གྱི་གཟི་འོད་འབར་བའི་ལེའུ་གསར་བ་འབྲི་བའི་རླབས་ཆེན་དུས་རབས་ཡིན་སྲིད། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས། སུ་ཡིན་ཡང་རླབས་ཆེ་བའི་དུས་རབས་དེ་འདྲར་གནས་པ་ང་རྒྱལ་དུ་རློམ་དགོས། ང་ཚོས་འཐབ་ཇུས་ཁ་ཕྱོགས་རྒྱུན་འཁྱོངས་དང་འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱས་ཏེ། མུ་མཐུད་དུ་མཐུན་སྒྲིལ་གཅིག་གྱུར་དང་དཀའ་སྤྱད་འབད་འཐབ་ཀྱིས་མདུན་ནས་མདུན་དུ་བསྐྱོད་དགོས། 

ཞི་ཅིན་ཕིང་གིས་མཇུག་མཐར་བསྟན་དོན། དུས་ཚོད་ཀྱིས་མི་ལ་སྒུག་མི་སྲིད་པ་དང་། ལོ་རྒྱུས་ཀྱིས་མི་ལ་སྒུག་མི་སྲིད། དུས་ཚོད་ནམ་ཡང་བརྩོན་སེམས་ཅན་ལ་དབང་བ་དང་ལོ་རྒྱུས་ཀྱང་བརྩོན་སེམས་ཅན་ལ་དབང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད། ང་ཚོས་ངེས་པར་དུ་དུས་ཚོད་ལ་འགྲན་བཞིན་ལོ་རྒྱུས་དང་མཉམ་བསྐྱོད་བྱེད་དགོས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། དཀའ་སྡུག་གདོང་གིས་བསུས་ནས་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མུ་མཐུད་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་རེ་འདུན་བཟང་བོར་སྐུལ་འདེད་གཏོང་བ། མུ་མཐུད་དུ་མིའི་རིགས་ཀྱི་རླབས་ཆེན་ལོ་རྒྱུས་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ལོ་རྒྱུས་ཀྱི་དུས་ཚོད་གསར་སྐྲུན་བྱེད་དགོས་ཞེས་གསུངས། 

མཉམ་སྤྲོ་ཚོགས་འདུའི་སྟེང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཚང་མར་སྙིང་ཉེ་བའི་ཕྱག་འཇུ་མཛད་དེ། ཕན་ཚུན་འཚམས་འདྲི་དང་ལོ་སར་གྱི་རྟེན་འབྲེལ་ཞུས། རིག་རྩལ་བྱ་བ་བྱེད་མཁན་གྱིས་ངོ་མཚར་བའི་ལེ་ཚན་འཁྲབ་སྟོན་བྱས། 

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་བློ་མཐུན་རྒན་པ་མཉམ་སྤྲོ་ཚོགས་འདུར་ཞུགས། 

མཉམ་སྤྲོ་ཚོགས་འདུར་ཞུགས་མཁན་ལ་ད་རུང་ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས། སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི། ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པའི་འཐུས་མི། མིང་དུ་གྲགས་པའི་ཆེད་མཁས་པ་དང་མཁས་པ། རྒྱལ་སའི་ལས་རིགས་སོ་སོའི་མི་སྣའི་འཐུས་མི་སོགས་ཡོད།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།