བློ་མཐུན་ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཚེས་ཉེར་གཉིས་ཉིན་དུས་བཅད་ལྟར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་། 

མཱ་ཁི་ལུང་གིས་ཐོག་དེར་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་ལོ་སར་སྤྲོ་སྐྱིད་ལྡན་པའི་སྨོན་འདུན་ཞུས། 

ཞི་ཅིན་ཕིང་གིས་མཱ་ཁི་ལུང་དང་ཧྥ་རན་སིའི་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། འདས་མ་ཐག་པའི་ཉིས་སྟོང་བཅུ་དགུ་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་ཞིག་རེད། བདག་དང་ཙུང་ཐུང་གིས་ཕན་ཚུན་འཚམས་འདྲི་བྱས་ཏེ་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་རྣམ་པ་གསར་བ་གསར་སྐྲུན་བྱས། ང་ཚོས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་མང་བོ་དངོས་འབེབ་གང་ལེགས་བྱེད་བཞིན་ཡོད། ལོ་གསར་བའི་ནང་། བདག་གིས་ཧྥ་རན་སིའི་བར་ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཐོ་རིམ་བར་གྱི་འགྲོ་འོང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། བདག་གིས་དུས་རྒྱུན་དུ་ཧྥ་རན་སིའི་བར་འབྲེལ་འདྲིས་བྱས་ཏེ་དུས་ལྟར་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་འདོད་ཡོད། ང་ཚོས་བཀོད་པའི་དངོས་གཉེར་མཉམ་ལས་ཀྱི་ཐུན་མོང་གི་ལྟ་ཚུལ་རབ་དང་རིམ་པ་དངོས་འབེབ་གང་ལེགས་བྱས་ཤིང་། ཕན་ཚུན་གྱིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་དོ་སྣང་བྱེད་པ་དང་། གཉིས་ཕན་གྱི་རྩ་དོན་གཙིགས་སུ་བཟུང་སྟེ། དམངས་སྤྱོད་ཉིང་རྡུལ་ནུས་པ་དང་ཚན་རྩལ། བཟོ་ལས། མཁའ་འགྲུལ་སོགས་ཁྱབ་ཁོངས་ནས་མཉམ་ལས་བྱེད་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་གོ་དང་ཧྥ་རན་སིའི་རིག་གནས་གནས་སྐོར་ལོར་གྲ་སྒྲིག་བྱེད་དགོས། ཀྲུང་གོའི་ཚོང་ར་དེ་འཛམ་གླིང་ཡོངས་ལ་སྒོ་འབྱེད་བྱས་ཡོད་པས། མུ་མཐུད་དུ་ཡོ་རོབ་གླིང་དང་ཧྥ་རན་སི་ལ་སྒོ་འབྱེད་བྱེད་ངེས་ཡིན། རྒྱལ་སྤྱིའི་ལས་དོན་ཐད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ད་ལོའི་ཟླ་དྲུག་པའི་མཱ་སེ་འཛམ་གླིང་རང་བྱུང་སྲུང་སྐྱོབ་ཚོགས་ཆེན་དང་སྐབས་བཞི་བའི་གོ་ལ་གཅིག་གི་མཐོ་རིམ་གྲོས་ཚོགས། ཟླ་བཅུ་བའི་ཁུང་མེན་སྐྱེ་དངོས་སྣ་མང་རིང་བཞིན་གྱི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་བ་བཅས་གཙོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་ཀྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་གནད་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། བཅོས་བསྒྱུར་དེ་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་གསུང་། 

མཱ་ཁི་ལུང་གིས་བསྟན་དོན། ད་ལོ་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་དང་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་གང་ལ་མཚོན་ནའང་ཧ་ཅང་གལ་ཆེ་བའི་ལོ་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱི་གྲོས་རིམ་ཧ་ཅང་ཕུན་སུམ་ཚོགས། ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་དངུལ་གཏོང་། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ནས་མུ་མཐུད་དུ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཧྥ་རན་སིའི་ཕྱོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་ཅན། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་སོགས་གནད་དོན་ཐད་ནས་ཀྲུང་གོའི་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་བ་ཡོད། 5Gགནད་དོན་ཐད་ནས་ཧྥ་རན་སི་ཡིས་ངེས་གཏན་གྱི་རྒྱལ་ཁབ་དང་ཀུང་ཟི་གང་རུང་ལ་དམིགས་ནས་མཐོང་ཆུང་གི་བྱེད་ཐབས་སྤྱོད་མི་སྲིད་པ་དང་། ཀྲུང་གོའི་བར་འབྲེལ་འདྲིས་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱེད་འདོད་ཟེར། ཡོ་རོབ་གླིང་དང་ཀྲུང་གོའི་དངུལ་གཏོང་གྲོས་ཆོད་ཀྱི་གྲོས་མོལ་ལ་སྔ་མོ་ནས་གྲུབ་འབྲས་ཐོབ་པར་རེ་བཞིན་ཡོད་ཟེར། 

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སིའི་ཕྱོགས་ཀྱིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་གསོ་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་བར་གྱི་འཕྲོད་བསྟེན་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། ཞི་ཅིན་ཕིང་གིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་ཕྱོགས་ཀྱིས་འགོག་སྲུང་བྱེད་ཐབས་སྤྱད་དེ་དུས་ལྟར་རིམས་ནད་ཀྱི་འགོག་བཅོས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། དུས་ལྟར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་མིན་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་ལ་རིམས་ནད་ཀྱི་བརྡ་འཕྲིན་སྙན་ཞུ་བྱས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་འགོག་བཅོས་བྱས་ཏེ་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས། 

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་རུང་དབྱི་ལིང་གི་ཉིང་རྡུལ་ནུས་པ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།