ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་ཆོས་ལུགས་ཚོགས་པའི་འགན་འཁུར་བས་དཔྱིད་གསར་དུས་ཆེན་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚེས21ཉིན་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བ་དཔྱིད་གསར་དུས་ཆེན་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

ཝང་དབྱང་གིས་ཆོས་ལུགས་ཚོགས་པ་ཁག་གི2019ལོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང2020ལོའི་ལས་དོན་ལ་བླང་བྱ་ནན་མོ་བཏོན་པ་རེད། ཁོང་གིས་ཆོས་ལུགས་ཚོགས་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་བྱ་རྒྱུ་དང་། རང་རྒྱལ་གྱི་ཆོས་ལུགས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རང་འགུལ་ངང་འཕྲོད་བསྟུན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།  རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། ཆོས་ལུགས་ཀྱི་གསུང་རབ་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཡ་རབས་ཀྱི་ནང་དོན་བཅས་ལ་སྔོག་འདོན་གཏིང་ཟབ་བྱེད་པ། རྒྱུན་མཐུད་ངང་ཆོས་ལུགས་ཆོ་ག་དང་ཆོས་ཁྲིམས་འཆད་འགྲེལ་བྱ་བ་གཏིང་ཟབ་དུ་སྤེལ་དགོས་པ་མ་ཟད། རང་ཉིད་ཀྱི་མིག་དཔེའི་བྱ་སྤྱོད་ལ་བརྟེན་ནས་ལག་ལེན་དུ་བསྟར་དགོས།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་དམིགས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཐོན་སྐྱེད་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། འཚོ་བ་ཇེ་ལེགས་སུ་གཏོང་བ། ལས་བརྩོན་ཕྱུག་འགྱུར་བྱེད་པ་བཅས་ལ་ཁྲིད་སྟོན་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱིས་དབུལ་སྐྱོར་དཀའ་སེལ་དང་གེགས་སེལ། དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་པར་སྐུལ་མ་གཏོང་དགོས། ཆོས་ལུགས་ནང་ཁུལ་གྱི་དོ་དམ་ཚད་ལྡན་འཐུས་ཚང་དུ་གཏོང་བ་དང་། རང་གིས་རང་ལ་དོ་དམ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ལ་དོགས་ཟོན་བྱེད་པ། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་ཞི་མཐུན་ཡོང་བར་སྲུང་སྐྱོང་བཅས་བྱེད་དགོས་པ་ནན་གྱིས་བསྟན།

 ཝང་དབྱང་གིས་ནན་གྱིས་བསྟན་དོན། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུ་ཡིན། ཏང་དང་སྲིད་གཞུང་གིས་སྔར་རྒྱུན་བཞིན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱེད་པར་མཐོང་ཆེན་དང་། ཆོས་ལུགས་ཚོགས་པའི་ལས་ཀར་རྒྱབ་སྐྱོར། ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆོས་ལུགས་ཚོགས་པ་དང་མཐུན་སྦྱོར་སྤེལ་རེས་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་མི་སྣའི་དངོས་ཡོད་དཀའ་ངལ་སེལ་རོགས་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་བཞུགས་མོལ་ཚོགས་འདུར་ཕེབས་པ་རེད། ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་དབྱི་སི་ལེན་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས། ཀྲུང་གོ་ཡེ་ཤུའི་ཆོས་ལུགས་ཀྱི་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།