ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་ནས《དམག་དཔུང་གི་ལྟ་ཞིབ་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཡོངས་བསྒྲགས་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་སྔོན་དུ་བཀའ་རྒྱར་མིང་རྟགས་བཀོད་ནས《དམག་དཔུང་གི་ལྟ་ཞིབ་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་གནང་ཞིང་། 2020ལོའི་ཟླ2ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་དམག་ཨུའི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་གཏིང་ཟབ་བྱེད་པ། གཅིག་གྱུར་འགོ་ཁྲིད་དང་དབང་གྲགས་ཕྱོད་ཆེ། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་དམག་དཔུང་ལྟ་ཞིབ་སྒྲིག་གཞི་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པར་བསྟན་ཡོད། 《སྲོལ་ཡིག》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེས་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུ། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱིས་དམག་དཔུང་གི་སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ལ་བཀོད་སྒྲིག་བྱེད་པ་དང་དམག་དཔུང་གི་ལྟ་ཞིབ་ལས་དོན་ཚད་ལྡན་དུ་གཏོང་བ། དམག་དཔུང་གི་མི་སྣས་དབང་ཆ་སྤྱོད་ཚུལ་ལ་ལྟ་ཞིབ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། དམག་དཔུང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ10དང་དོན་ཚན62ཡོད། དེའི་ནང་ལྟ་ཞིབ་ཨུ་ལྷན་གྱི་བཀོད་སྒྲིག་དང་། ལྟ་ཞིབ་ཁྱབ་ཁོངས། བདག་ཁོངས། ལྟ་སྐུལ། བརྟག་དཔྱད། ཐག་གཅོད། ལྟ་ཞིབ་ལས་དོན་མཐུན་སྦྱོར་ལ་གཞོགས་འདེགས། ལྟ་ཞིབ་ཨུ་ལྷན་དང་ལྟ་ཞིབ་མི་སྣའི་ལྟ་སྐུལ་སོགས་ཕྱོགས་མང་པོ་ཚུད་ཡོད། 《སྲོལ་ཡིག》ནང་དམག་དཔུང་གི་ལྟ་ཞིབ་ལས་དོན་ལ་ངེས་པར་དུ་འཐབ་ཇུས་ནུས་པའི་ཚད་གཞི་མཐའ་འཁྱོངས་བྱས་ནས་དམག་གྲབས་དམག་རྒྱག་ལ་ཞབས་འདེགས་ཞུ་རྒྱུ་དང་། དོན་དངོས་གཞི་འཛིན་ས་དང་བཅའ་ཁྲིམས་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱ་རྒྱུ། འགན་དབང་གཅིག་གྱུར་དང་། འགན་འཁྲི་ཤོར་ན་ངེས་པར་དུ་རྩད་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱེེད་པ་དང་། སྔ་ཙམ་དང་ཆུང་བ་ནས་དམ་འཛིན་བྱེད་པ། རྐྱེན་རྩ་ཆུང་བ་ནས་ཟློག་ཅི་ཐབས་བྱེད་པ་རྒྱུན་འཁྱོངས་བྱ་དགོས། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་དགོས་པ་ནན་གྱིས་བསྟན་ཡོད། 《སྲོལ་ཡིག》ནང་དམག་དཔུང་གི་རིམ་ཁག་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་ལྟ་ཞིབ་འགན་ནུས་ལག་བསྟར་བྱེད་པའི་ཆེད་འགན་འཁུར་མཁན་ལས་ཁུངས་ཤིག་ཡིན་པས་ཁྲིམས་ལྟར་ལྟ་སྐུལ་དང་། བརྟག་དཔྱད། ཐག་གཅོད་བཅས་ཀྱི་འགན་འཁྲི་བསྒྲུབ་དགོས་ལ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེའི་ཏང་གི་ཨུ་ཡོན་ལྷན་ཁང་དང་གོང་རིམ་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ལྟ་ཞིབ་ལས་དོན་སྤེལ་དགོས་པ་གཏན་འབེབས་བྱས་ཡོད། 《སྲོལ་ཡིག》ནང་ལྟ་ཞིབ་ཨུ་ལྷན་གྱིས་ནང་ཁུལ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ལྟ་ཞིབ་མི་སྣར་སློབ་གསོ་དོ་དམ་ནན་པོ་བྱེད་པ་དང་རང་ངོས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད།  ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།