ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྤྱི་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ཚེས་བཅོ་ལྔ་ཉིན་པེ་ཅིང་ནས་གྲོལ། ཚང་འཛོམས་གྲོས་ཚོགས་དེའི་སྤྱི་བསྒྲགས་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་པེ་ཅིང་ནས་སྤེལ། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་མཁན་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བརྒྱ་དང་སོ་གསུམ་ཡོད་པ་དང་། མི་ཉིས་བརྒྱ་དང་ཞེ་དྲུག་ཟུར་ཞུགས་བྱས། 

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནངས། ལིས་ཁི་ཆང་དང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས། 

ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་མཛད། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་བྱས། ཉིས་སྟོང་བཅུ་དགུ་ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་ཕྱིར་དྲན་བྱས་པ་དང་ཉིས་སྟོང་ཉི་ཤུ་ལོའི་ལས་འགན་བཀོད་སྒྲིག་བྱས་པར་མ་ཟད། བློ་མཐུན་ཀྲའོ་ལི་ཅི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་ཏང་དང་རྒྱལ་ཁབ་ཀྱི་ལྟ་རྟོག་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་པའི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། 

ཚང་འཛོམས་གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་ལོན་པར་བྱས། གཅིག་གྱུར་སྒོས་བལྟས་ན། གསུང་བཤད་དེས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་བསྣོལ་མཚམས་སུ་དུས་རབས་གསར་བར་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྤྱི་བསྡོམས་གང་ལེགས་བྱས་པ་དང་། ང་ཚོའི་ཏང་གིས་རང་སྟེང་གི་གསར་བརྗེ་མངོན་འགྱུར་བྱེད་པའི་བགྲོད་ལམ་བཟང་བོ་དང་ཕན་ནུས་ལྡན་པའི་ལམ་ལུགས་རྒྱས་བཤད་གསལ་བོ་བྱས་ཡོད། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་བས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་བཏོན་ཡོད། གསུང་བཤད་དེ་རྒྱང་རིང་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཁེབས་ཡོད་ལ། བསམ་བློའི་རྐང་ཆགས་ཡོད་པ་དང་ནང་དོན་ཕུན་སུམ་ཚོགས། ཏང་རང་སྟེང་གི་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བ་དང་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ལ་མཚོན་ན་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། གཟབ་ནན་གཙོར་བཟུང་ནས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཚད་མཐོན་པོའི་ཆབ་སྲིད་རང་རྟོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། 

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་བཅུ་དགུའི་ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཛམ་གླིང་སྟེང་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་མོར་རྐང་བཙུགས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་ལ་གཅིག་གྱུར་བཀོད་འདོམ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོར་གྲུབ་འབྲས་གསར་བ་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་བཏང་། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ས་གནས་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་དང་རེ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་གཏན་འཇགས་དང་ཕན་འབྲས་ལྡན་པར་སྤེལ་བས། སྤུས་ལེགས་ཀྱི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད། 

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཡོངས་འགྲུབ་བྱེད་པའི་ལོ་ཡིན་པས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུས་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

ཚང་འཛོམས་གྲོས་ཚོགས་ལས་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱས་ཤིང་། ལྟ་རྟོག་གྱི་གཞི་རྩའི་འགན་འཁྲི་དང་འགན་འཁྲི་དང་པོ་དེ་དམ་འཛིན་གང་ལེགས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་ནང་གི་ལྟ་རྟོག་དང་རྒྱལ་ཁབ་ལྟ་ཞིབ་ཀྱིས་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་གི་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། 

གཅིག་ནས་ཐོག་མའི་དམ་བཅའ་དང་འགན་འཁྲི་ཆབ་སྲིད་ཀྱི་རང་མདངས་དང་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྲུང་སྐྱོབ་གཉིས་ཀྱི་རང་རྟོགས་རང་བཞིན་དང་གཏན་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། 

གཉིས་ནས་ཤུགས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་པར་འགན་སྲུང་བྱས་ཏེ། མང་ཚོགས་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་གཅིག་བསྡུས་སྒོས་དག་ཐེར་བཅོས་སྐྱོང་བྱེད་དགོས། 

གསུམ་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞིའི་བཅོས་བསྒྱུར་མུ་མཐུད་དུ་སྤེལ་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟ་རྟོག་མ་ལག་འཐུས་ཚང་དུ་འཛུགས་པར་སྐུལ་འདེད་གཏོང་དགོས། 

བཞི་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཆེད་འགན་ལྟ་རྟོག་ནུས་པ་འདོན་སྤེལ་བྱས་ཏེ། དབང་ཤུགས་བཀོད་སྤྱོད་ཀྱི་ལྟ་རྟོག་ལ་ཤུགས་སྣོན་དགོས། 

ལྔ་ནས་སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་བཏང་སྟེ། དར་སྲོལ་བཟང་བོ་གོམས་སྲོལ་དང་གོམས་གཤིས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། 

དྲུག་ནས་སྐོར་གཡེང་ལྟ་ཞིབ་ཀྱི་གོང་འོག་མཉམ་འབྲེལ་བྱ་བའི་རྣམ་པ་འཐུས་ཚང་དུ་བཏང་སྟེ། སྐོར་གཡེང་ལྟ་ཞིབ་དང་རིགས་སྣ་ཚོགས་ཀྱི་ལྟ་རྟོག་གཞན་པ་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས། 

བདུན་ནས་རྣམ་པ་གཅིག་པའི་སྒྲིག་ལུགས་བཙུགས་ནས་རུལ་སུངས་བྱེད་མི་སྤོབས་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པའི་རྐྱེན་སྲོལ་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱལ་ཁའི་འབྲས་བུ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། 

བརྒྱད་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། བློ་དཀར་སྤྱོད་གཙང་ཁག་ཁུར་ཡོད་པ་དང་འཐབ་འཛིང་བྱེད་པའི་བློ་སྤོབས་དང་ཐབས་རྩལ་ཡོད་པའི་འཐབ་མོ་བ་ཞིག་བྱེད་དགོས། 

ཚང་འཛོམས་གྲོས་ཚོགས་ནས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་སུ་མཐུན་སྒྲིལ་དམ་ཟབ་བྱས་ཤིང་། ཐོག་མའི་དམ་བཅའ་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་པའི་འབོད་སྐུལ་བཏང་། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།