ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་ཐོག་དུས་རབས་གསར་པའི་ཉམས་འགྱུར་མངོན་པར་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཡུ་ཅུན་ཅེ།   སྤེལ་དུས། : 2020-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས15ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་ཤེས་གསལ་བྱུང་བ་ལྟར་ན། 2020ལོའི་དཔྱིད་གསར་དུས་ཆེན་བསུ་བའི་མཉམ་སྤྲོ་དགོང་ཚོགས་ཀྱི་འཁྲབ་སྦྱོང་ཐེངས་དང་པོ་བདེ་བླག་ངང་མཇུག་སྒྲིལ། ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་དཔྱིད་གསར་དུས་ཆེན་བསུ་བའི་དགོང་ཚོགས་ཀྱི་སྐད་བརྡ་རིགས་ཀྱི་ལེ་ཚན་ལ་ཁྱད་ཆོས་མང་པོ་ཡོད་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་དང་འགན་འཁྲི་འཁུར་ཕོད་པ་དེ་གསར་རྩོམ་གྱི་དམིགས་ཡུལ་གཙོ་བོར་བྱས་ནས་དུས་རབས་གསར་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་དཔྱིད་གསར་དགོང་ཚོགས་ཀྱི་སྐད་བརྡ་རིགས་ཀྱི་ལེ་ཚན་ནང་སྤྱི་ཚོགས་ཀྱི་དོན་དངོས་དང་མི་སེར་གྱི་འཚོ་བ་མཚོན་པར་བྱས་པ་དང་ཆབས་ཅིག་ལེ་ཚན་གྱི་སྒྱུ་རྩལ་ཆུ་ཚད་ལ་ཡང་དོ་སྣང་བྱས་ཏེ་ལྟད་མོ་བར་བག་ཆགས་ཟབ་མོ་དང་བག་ཆགས་བཟང་པོ་ཐེབས་སུ་བཅུག་པ་སྟེ། ལེ་ཚན་ཁག་གཅིག་གིས་སྤུས་ལེགས་ཞབས་ཞུ་ཡིས་བདེ་སྐྱིད་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་མཚོན་པར་བྱས་པ་དང་། ལ་ལས་ལས་གནས་ཐོག་གི་སེམས་ཁྲལ་ལས་བྱུང་བའི་འཚོ་བའི་དཀའ་ངལ་མཚོན་པ། ལ་ལས་ཕན་ཚུན་རོགས་རེས་དང་དགའ་ཞེན་ལས་འཆམ་མཐུན་སྤྱི་ཚོགས་ཀྱི་བདེ་སྐྱིད་མཚོན་པ། ལ་ལས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཚུལ་མིན་སྤྱོད་ཡན་ལ་ཁ་རྡུང་གཏོང་བ་མཚོན་ཡོད།

ད་ལོའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ནི་སྔར་བཞིན་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་གར་སྟེགས་བཀོད་སྒྲིག་བྱས་ཡོད། པེ་ཅིང་གི་ཚོགས་ར་དང་གཙོ་བོས་ཧོ་ནན་ཀྲེང་ཀྲོའུ་ཡན་ལག་ཚོགས་ར་དང་། ཀོང་ཏུང་དང་ཤང་ཀང་། ཨའོ་མོན་བཅས་ཀྱི་ཁུག་ཆེན་དབྱེ་འབྱེད་ཚོགས་ར་བཅས་དང་མཉམ་དུ“མཉམ་སྤྲོའི་འདུ་ཚོགས”ཤིག་མངོན་པར་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་སྟེང་ཆེས་ཐོག་མར་བང་རིམ་གསུམ་གྱི་ལངས་གཟུགས་ཀྱི་གར་སྟེགས་ཇུས་འགོད་བྱས་ཡོད་པ་དང་ཆབས་ཅིག་འཕུར་ཤེལ་གྱི་ལག་རྩལ་སྤྱད་དེ་ཏུའུ360ཅན་གྱི་མཛེས་ལྗོངས་བཏོད་ཡོད་པ་དང་། བཟོ་སྐྲུན་ཞིབ་ཚགས་བྱས་པ་བརྒྱུད་ལྟད་མོ་བ་ཚོར་བརྙན་ཤེལ་གྱི་མདུན་དུ“མིག་གཅེར་མའི3D”ཉམས་སུ་མྱོང་བར་བྱ་རྒྱུ་རེད། གཞན་ཡང5G+8K/4K/VRསོགས་གསར་གཏོད་ཀྱི་ཚན་རྩལ་ལ་བརྟེན་ནས་ས་ངོས་དང་། བར་སྣང་། མཚོ་ངོས་བཅས་མཉམ་འདྲེས་ཀྱི་ལངས་གཟུགས་རྣམ་པས་མཚོན་པར་བྱ་རྒྱུ་ཡིན་པ་མ་ཟད། 8Kཔར་མའི་དཔྱིད་གསར་དགོང་ཚོགས་ཀྱང་བཟོ་རྒྱུ་ཡིན་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།