ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   2020ལོའི་ཟླ1པའི་ཚེས16ཉིན་དཔེ་སྐྲུན་བྱས་པའི་འདོན་ཐེངས་གཉིས་པའི《བདེན་འཚོལ》དུས་དེབ་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2013ལོའི་ཟླ12པའི་ཚེས3ཉིན་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན《ལོ་རྒྱུས་དངོས་གཙོ་རིང་ལུགས་མཐའ་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས》ཞེས་པ་བཀོད་ཡོད།

གསུང་བཤད་ནང་ནན་གྱིས་བསྟན་དོན།  ང་ཚོའི་ཏང་བཙུགས་པ་ནས་བཟུང་བསམ་བློའི་ཏང་འཛུགས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། དེའི་ཁྲོད་ཧ་ཅང་གལ་ཆེ་བ་ཞིག་ནི་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་སློབ་གསོ་དང་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་རེད། ལོ་རྒྱུས་དངོས་གཙོའི་རིང་ལུགས་ནི་མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་སྤྱིར་བཏང་གི་ཆོས་ཉིད་སྐོར་གྱི་ཚན་རིག་ཡིན། ལོ་རྒྱུས་ཀྱི་དངོས་གཙོའི་རིང་ལུགས་མཐའ་འཁྱོངས་བྱས་ན། ང་ཚོས་གཞི་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་། དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་ཐུབ། ཏང་ཡོངས་ཀྱིས་ལོ་རྒྱུས་ཀྱི་དངོས་གཙོའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་བརྟག་ཐབས་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ལ་ངོས་འཛིན་སྔར་ལས་ལེགས་པར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་གནས་བབ་ཆེན་པོར་ངོས་འཛིན་སྔར་ལས་ལེགས་པར་བྱེད་པ། ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ལ་ངོས་འཛིན་སྔར་ལས་ལེགས་པར་བྱེད་པ། ལས་དོན་སོ་སོའི་རང་སྟོབས་སྔར་ལས་ཆེ་བའི་སྒོ་ནས་སྐུལ་སྤེལ་གཏོང་བ་བཅས་བྱ་དགོས།

གསུང་བཤད་ནང་སློབ་སྦྱོང་དང་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་ཟླ་དབྱེ་ཞིབ་བྱེད་ཐབས་ཁོང་དུ་ཆུད་པ་བྱས་ནས་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བ་དང་འཚམ་པར་བྱས་ནས་ཐོན་སྐྱེད་ཀྱི་འབྲེལ་བ་ལེགས་སྒྲིག་དང་། རྒྱུན་ཆད་མེད་པར་དཔལ་འབྱོར་གྱི་རྨང་གཞི་ལེགས་པར་འཕེལ་རྒྱས་འགྲོ་བ་དང་འཚམ་པར་བྱས་ནས་སྟེང་གི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་དགོས། ང་ཚོས་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱ་དགོས་ཞེས་བཏོན་པ་ནི་རང་རྒྱལ་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་བའི་འགུལ་སྐྱོད་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྤྱི་ཚོགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། བཅོས་བསྒྱུར་སྒོ་འབྱེད་བྱེད་པར་དུས་ད་ལྟ་བ་ལས་དུས་འདས་པ་མེད། འདི་ནི་ལོ་རྒྱུས་དངོས་གཙོའི་རིང་ལུགས་ཀྱི་སྤྱོད་ཚུལ་རེད།

གསུང་བཤད་ནང་སློབ་སྦྱོང་དང་དངོས་པོའི་ཐོན་སྐྱེད་ཁོང་དུ་ཆུད་པ་ནི་སྤྱི་ཚོགས་འཚོ་བའི་རྨང་གཞིའི་ལྟ་བ་དང་། བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འབྲེལ་བ་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། ང་ཚོས་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུའི་ཇུས་གཞི་བཏོན་པའི་རྒྱུ་མཚན་ནི་ང་ཚོའི་འགལ་བ་དང་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་ཁྱབ་ཁོངས་རྐྱང་པ་དང་རིམ་པ་རྐྱང་བའི་བཅོས་བསྒྱུར་ཁོ་ནར་བརྟེན་ན་ཕན་འབྲས་ཐོན་དཀའ་བས། ངེས་པར་དུ་མཐོ་རིམ་ཇུས་འགོད་དང་སྤྱི་ཡོངས་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་བཅོས་བསྒྱུར་སོ་སོའི་འབྲེལ་བའི་རང་བཞིན་དང་། མ་ལག་རང་བཞིན། མཉམ་སྒྲུབ་རང་བཞིན་ཆེ་རུ་གཏོང་དགོས་པ་རེད། དུས་མཚུངས་སུ་འཕེལ་རྒྱས་གཏོང་རྒྱུ་ཞེས་པའི་ལས་འགན་གལ་ཆེན་ཨང་དང་པོ་འདིར་རྩེ་གཅིག་ཏུ་དམིགས་ནས་ཕྱོགས་ཡོངས་ལ་བསྒྱུར་བཅོས་བཀོད་སྒྲིག་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བར་བརྟེན་ནས་བཅོས་བསྒྱུར་ལ་ཤུགས་ཆེན་བཏོན་ན། ད་གཟོད་ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་བར་དང་། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞི་བར་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་སྔར་ལས་ལེགས་པོ་གཏོང་ཐུབ།

གསུང་བཤད་ནང་བསྟན་དོན། སློབ་སྦྱོང་དང་མི་དམངས་མང་ཚོགས་ཁོང་དུ་ཆུད་པ་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་གྱི་ལྟ་བ་ཡིན་པས། མི་དམངས་ལ་དམ་པོར་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་མཐའ་འཁྱོངས་བྱ་རྒྱུ་དེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་མི་དམངས་ཡོངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲང་སྙོམས་ངང་འཐོབ་པར་བྱ་དགོས། མི་དམངས་ཀྱི་དོན་དུ་བཅོས་བསྒྱུར་བྱས་ན་གཞི་ནས་དོན་སྙིང་ཡོད་པ་དང་། མི་དམངས་ལ་བརྟེན་ནས་བཅོས་བསྒྱུར་བྱས་ན་ད་གཟོད་བསྒྱུར་བཅོས་ཀྱི་སྒུལ་ཤུགས་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།