ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་དུས་ཆེན་བསུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་བྱི་ལོའི་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་དམངས་གཙོ་ཏང་ཤོག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་སོགས་དང་ལྷན་དུ་དགའ་འཛོམས་ཀྱིས་དུས་ཆེན་ལ་བསུ་བ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་དམངས་གཙོ་ཏང་ཤོག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་པ་རེད།

1.jpg

ཟླ1པའི་ཚེས14ཉིན་ཞི་ཅིན་ཕིང་དང་། ཝང་དབྱང་། ཧན་ཀྲིན་སོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཏང་ཕྱིའི་མི་སྣ་དང་མཉམ་འཛོམས་ཀྱིས་དུས་ཆེན་ལ་བསུ་བ་ཞུས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཅས་བྱེད་སྒོར་ཕེབས་ཡོད།

གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨེ་ཞང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཞའོ་ཀོང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལིའུ་ཞིན་ཁྲེང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལུའུ་ཅན་དང་ལིའུ་ཧེང་སོགས་གདན་ཞུས་ལྟར་བྱེད་སྒོའི་སྟེང་ཕེབས་ཡོད་པ་རེད། གདན་ཞུས་ལྟར་ཚོགས་འདུར་ཞུགས་མཁན་ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཅན་ཧྭ་དང་། ཧོ་ཧོའུ་ཧྭ། ལེའང་ཀྲེན་དབྱིང་བཅས་དང་། འགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་བུད་པའི་དམངས་གཙོ་ཏང་ཤོག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ། ཀྲུའུ་ཞི་གཞོན་པ་དང་པོ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡོད་པ་རེད།

  ལུའུ་ཅན་ཀྱིས་དམངས་གཙོ་ཏང་ཤོག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད། ཁོང་གིས2019ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་དཀའ་ངལ་གང་ལའང་མི་སྐྲག་པར་བློ་ཁོག་ཡངས་པོས་ཁ་ཕྱོགས་གསལ་སྟོན་གནང་བ་དང་།  ཐོག་མའི་དམིགས་འདུན་སེམས་ལ་བཅངས་ནས་ལྷོད་གཡེང་མི་གཏོང་བར་ངེས་ཤུགས་བརྟན་པོའི་ངང་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་ཀྱི་སྣེ་ཁྲིད་དེ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་བཏོད་ཡོད། 2020ལོར་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་ཚོས་མཐུན་སྒྲིལ་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཀྲུང་གོའི་བསྐྱར་དར་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་རྒྱང་རིང་དུ་གཏོང་ཆེད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས། 

 ལུའུ་ཅན་གྱི་ཤིས་ཚིག་ལ་ཉན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས2019ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་སྤྱིར་བཏང་མིན་པའི་ལོ་ཞིག་རེད། རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་རྒྱལ་སྤྱིའི་གནས་བབ་དང་། དཀའ་ཚེགས་དང་ལྗིད་ཏིག་གི་རྒྱལ་ནང་བཅོས་བསྒྱུར་གོང་སྤེལ་བརྟན་བརླིང་གི་ལས་འགན་ལ་ཁ་གཏད་དེ། ང་ཚོ་ཚང་མས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་། མཉམ་དུ་འགག་སྒྲོལ་དཀའ་སེལ་བྱས་ཤིང་། འབད་བརྩོན་གྱིས་གྲུབ་འབྲས་ཀྱང་ཐོབ་ཡོད་པ་དང་། དཀའ་ཚེགས་ཡོད་ལ་སྤྲོ་སྣང་ཡང་ལྡན་པ་རེད། ལོ་གཅིག་གི་རིང་ལ། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བའི་རྙོག་འཛིང་གི་གནས་བབ་ལ་གཟབ་ནན་གྱིས་ཁ་གཏད་ཡོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་ཤུགས་རྒྱག་པ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བཅས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་གསར་པ་གལ་ཆེན་བྱུང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པར་རྨང་གཞི་སྔར་ལས་བརྟན་པོ་བཏིང་ཡོད་ཅེས་གསུངས།

 ཞི་ཅིན་ཕིང་གིས་གསུངས་རྒྱུར། 2019ལོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་གི་རིང་དམངས་གཙོའི་ཏང་ཤོག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་རང་རྟོགས་ངང་ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་པ་དང་། རྡོག་རྩ་གཅིག་སྒྲིལ་གྱིས་མཐུན་སྒྲིལ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་གསར་པ་བཞག་ཡོད། དམངས་གཙོའི་ཏང་ཤོག་སོ་སོ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས“མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར། མུ་མཐུད་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས་ཏང་མང་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་ལ་ཕྱིར་མིག་བལྟས་ཏེ་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། བསམ་འཆར་དང་གྲོས་འགོ་བཏོན་ནས་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་སྲིད་ཇུས་ལག་བསྟར་ནུས་ལྡན་བྱེད་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། དམངས་གཙོ་ཏང་ཤོག་སོ་སོའི་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་གྱི་དམངས་གཙོའི་ལྟ་སྐུལ་གཏིང་ཟབ་བྱས་ཏེ་ས་གནས་གཏན་འཁེལ་གྱི་ལྟ་ཞིབ་ཚད་ལེན་དང་། གྲོང་ཚོར་བཅའ་སྡོད་ཀྱི་བརྟག་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ནུས་པ་གལ་ཆེན་བཏོན་ཡོད། རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“གཟི་བརྗིད་བྱ་སྤྱོད”ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ནང་ཧུར་ཐག་ཞུགས་པ་རེད། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ཡོད་ཞེས་བསྟན། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མའི་དཀའ་སྤྱད་ཀྱིས་ལས་དོན་ལ་འབད་པར་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་པ་རེད། 

2.jpg

 ཟླ1པའི་ཚེས14ཉིན་ཞི་ཅིན་ཕིང་དང་། ཝང་དབྱང་། ཧན་ཀྲིན་སོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཏང་ཕྱིའི་མི་སྣ་དང་མཉམ་འཛོམས་ཀྱིས་དུས་ཆེན་ལ་བསུ་བ་ཞུས་པ་རེད།

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་ཐག་གཅོད་བྱེད་པའི་ལོ་ཞིག་ཡིན་ལ“ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན། ཚང་མས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་བརླིང་ངང་གོང་འཕར་དང་། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་ལ་འགན་ལེན་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་བྱས་རྗེས་གསར་པ་འཇོག་ངེས་ཡིན་པའི་རེ་བ་ཡོད་ཅེས་གསུངས་པ་རེད། 

 ཏིང་ཞུའེ་ཞང་དང་ཡིའུ་ཆོན། དམངས་གཙོའི་ཏང་ཤོག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

3.jpg

 ཟླ1པའི་ཚེས14ཉིན་ཞི་ཅིན་ཕིང་དང་། ཝང་དབྱང་། ཧན་ཀྲིན་སོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཏང་ཕྱིའི་མི་སྣ་དང་མཉམ་འཛོམས་ཀྱིས་དུས་ཆེན་ལ་བསུ་བ་ཞུས་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།