ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125457206_15789162291931n.jpg

ཟླ1པོའི་ཚེས13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་ལ། དབང་ཆ་བཀོལ་སྤྱོད་ཀྱི་ཚོད་འཛིན་དང་ལྟ་སྐུལ་ནུས་པ་ཇེ་ཆེར་གཏོང་བ་དང་ཏང་གི་ལམ་ཕྱོགས་དང་བྱེད་ཐབས། སྲིད་ཇུས་ལག་བསྟར་དང་དངོས་འབེབས་བྱེད་རྒྱུ་འགན་སྲུང་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་ཆེན་པོ་ལེན་པར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་སྔར་མ་བྱུང་བའི་སྤོབས་པ་དང་གཏན་ཤུགས་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཤིང་། དུས་རབས་གསར་བར་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས་ལོ་རྒྱུས་རང་བཞིན་དང་གསར་སྐྲུན་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ཕྱོགས་ཡོངས་དང་རིམ་པ་མང་པོའི་ཤུགས་རྐྱེན་ཐེབས། ང་ཚོས་རླབས་ཆེ་བའི་རང་ཉིད་གསར་བརྗེ་རྒྱུན་འཁྱོངས་བྱས་ཏེ་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱས་པ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་ཆ་ཚང་དུ་བཏང་ཞིང་ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་བ། རྦད་ཆོད་སྒོས་ཁྱབ་ཁོངས་ཁ་ཤས་ཀྱི་ཏང་གི་འགོ་ཁྲིད་ནུས་པ་དང་ཏང་གི་འཛུགས་སྐྲུན་ནུས་པ་ཞན་པ་དང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱས་པ་མི་འདང་བའི་གནས་ཚུལ་ལེགས་སྒྱུར་བྱས་པས། ཏང་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྟོབས་ལྡན་འགོ་ཁྲིད་སྲོག་ཤིང་དུ་གྱུར། ང་ཚོས་ཚན་རིག་རིགས་གཞུང་རྒྱུན་འཁྱོངས་བྱས་ཏེ་ཏང་ཡོངས་ཀྱི་ཕུགས་འདུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ལམ་ལུགས་འཛུགས་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་དུས་རབ་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆ་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། བྱ་བར་མཛུབ་སྟོན་བྱས་ནས། སློབ་སྦྱོང་དང་སློབ་གསོ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད་པའི་ཕུགས་འདུན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ང་ཚོས་སྲུང་སྐྱོབ་གཉིས་རྒྱུན་འཁྱོངས་བྱས་ཏེ་ཏང་ཡོངས་མཐུན་སྒྲིག་གཅིག་གྱུར་བྱེད་པར་སྣེ་ཁྲིད་བྱས་ནས། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོབ་བྱེད་པའི་ལམ་ལུགས་སྣ་ཚོགས་འཐུས་ཚང་དུ་གཏོང་བ་དང་། ཏང་ཀྲུང་དབྱང་གིས་བྱ་བ་གཙོ་བོར་འགོ་ཁྲིད་པའི་སྒྲིག་སྲོལ་ཆ་ཚང་དུ་གཏོང་དགོས་པར་མ་ཟད། གཅིག་གྱུར་གྱི་འདོད་བློ་དང་བྱ་སྤྱོད་ལ་བརྟེན་ནས་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོབ་བྱེད་པ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས། ང་ཚོས་སྤྱོད་བསྲང་སྒྲིག་གཅུན་རྒྱུན་འཁྱོངས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་ཏང་སེམས་དང་དམག་སེམས། དམངས་སེམས་གཅིག་སྡུད་བྱེད་དགོས་ལ། རྦད་ཆོད་སྒོས་རུལ་སུངས་བཅོས་སྐྱོང་དང་ཆད་པ་གཅོད་པ་དང་། མི་ལེགས་པའི་སྤྱོད་ཚུལ་ཡོ་བསྲང་དང་བཅོས་སྐྱོང་བྱེད་པ། རྦད་ཆོད་སྒོས་ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་སྣ་ཚོགས་གཙང་སེལ་བྱེད་པ། མི་དམངས་ཀྱི་དོན་དུ་སྲིད་སྐྱོང་བ་དང་མི་དམངས་ལ་བརྟེན་ནས་སྲིད་སྐྱོང་བའི་ལམ་ལུགས་སྣ་ཚོགས་ཆ་ཚང་དུ་བཏང་ནས། མི་དམངས་ནམ་ཡང་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་སྐྱོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་སུ་འགྲོ་བའི་སྟོབས་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་དགོས་ཟེར།

ཀྲའོ་ལིས་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་སྦྲེལ་མཚམས་སུ་ལངས་ཏེ་དུས་རབས་གསར་བར་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་ཤིང་། ང་ཚོ་ཏང་གིས་རང་ཉིད་གསར་བརྗེ་མངོན་འགྱུར་བྱེད་པའི་ལེགས་འགྲུབ་བགྲོད་ལམ་དང་ནུས་ལྡན་ལམ་ལུགས་རྒྱས་བཤད་བྱས་ཡོད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་སྐབས་ངེས་པར་དུ་ཅི་ཞིག་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་བ་དང་ཅི་ཞིག་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བའི་གནད་དོན་གལ་ཆེན་ལ་ལན་གསལ་བོ་བཏབ་པར་མ་ཟད། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པའི་གྲུབ་འབྲས་གསར་བས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་ཐད་ལ་འཐབ་ཇུས་བཀོད་སྒྲིག་བྱས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་ཀྲའོ་ལི་ཅི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཁ་ཡིག་ལ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་པའི་བྱ་བའི་སྙན་ཞུ་ཕུལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།