ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས།

    སྤེལ་དུས། : 2020-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      ༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་དང་ལི་ཁི་ཆང་། ཝང་ཧུའུ་ཉིང་། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་ཆེན་ལ་ཞུགས་པར་མ་ཟད་དགའ་རྟགས་ཐོབ་པའི་འཐུས་མིར་བྱ་དགའ་གནང་། ལི་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་ཚོགས་ཆེན་སྟེང་གཏམ་བཤད་གནང་། ཧན་ཀྲིན་གྱིས་ཚོགས་ཆེན་ལ་འགོ་འཛིན་མཛད།

༢.jpg

སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་ཆེན་འགོ་བརྩམས། དགའ་བ་འབུམ་གྱི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མར་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་མཁན། ཀྲུང་གོའི་གྲུ་གཟིངས་ལྕི་བའི་བཟོ་ལས་སྡེ་ཚོགས་ཀུང་ཟིའི་ཨང་བདུན་གཅིག་དགུ་ཞིབ་འཇུག་ཁང་གི་སྔོན་ཆད་ཀྱི་ཡོན་ཧྲི་ཧོང་ཞུའུ་ཧྭ་དང་། ཀྲུང་གོའི་ཚན་རིག་ཁང་རླུང་ཁམས་ཆེན་མོའི་དངོས་ལུགས་ཞིབ་འཇུག་ཁང་གི་སྔོན་ཆད་ཀྱི་ཡོན་ཧྲི་ཙིན་ཆིན་ཚོང་གཉིས་ལ་བྱ་དགའི་རྟགས་མ་དང་དཔང་ཡིག་གནང་བར་མ་ཟད། ཁོ་ཚོ་དང་སེམས་བརྩེ་བའི་སྒོ་ནས་ཕྱག་འཇུ་གནང་ནས་རྟེན་འབྲེལ་ཞུ་ཞོར་དུ་ཁོ་ཚོ་ཀྲུའུ་ཞི་སྟེགས་བུའི་བཞུགས་གྲལ་དུ་གདན་དྲངས། དེའི་རྗེས་སུ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཆེས་མཐོའི་བྱ་དགའ་ཐོབ་མཁན་ཁོང་གཉིས་དང་ལྷན་དུ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་འཕེལ་རྒྱས་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ཡོངས་ལ་བྱ་དགའི་དཔང་ཡིག་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་གཏམ་བཤད་ཁྲོད་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། བྱ་དགའ་ཐོབ་པའི་མི་སྣ་ཡོངས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པར་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ཚན་རིག་ལག་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་བླ་ན་མེད་པའི་གུས་སེམས་བསྟན་པ་དང་། ཀྲུང་གོའི་ཚན་རིག་ལག་རྩལ་གྱི་ལས་དོན་ཐད་ལ་ཟབ་ཞུགས་དང་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས།

ལི་ཁི་ཆང་གིས་གསུང་རྒྱུར། ཀྲུང་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་ལ། ང་ཚོའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ལ་འཕེལ་རྒྱས་ཀྱི་མཐོ་རླབས་ཆེན་པོ་འཕྱུར་ནས་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་ཡོད། ན་ནིང་རང་རྒྱལ་གྱི་ཚན་རྩལ་ལས་དོན་ཐད་ལ་གསར་སྐྲུན་གྱི་གྲུབ་འབྲས་སྔར་ལས་ལེགས་པོ་བསྐྲུན་ནས།རྒྱལ་སྤྱིའི་ཆུ་ཚད་ཀྱི་མདུན་གྲལ་དུ་སླེབས་པའི་གྲུབ་འབྲས་སྐོར་ཞིག་བླངས་ཡོད་པ་དང་། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་གོམས་སྟབས་གཏིང་ཟབ་ཏུ་སྤོས་ཏེ། སྒུལ་ནུས་གསར་རྒྱུན་མཐུད་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ཡོད། ད་ལོ་ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་བཞིན་པའི་སྒང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས། གསར་སྐྲུན་སྒུལ་ཤུགས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རྩལ་དང་དཔལ་འབྱོར་གཉིས་གཏིང་ཟབ་སྒོས་མཉམ་འདྲེས་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་ཡར་སྐུལ་བཏང་སྟེ། དཔལ་འབྱོར་འཁོར་སྐྱོད་འོས་འཚམས་ཀྱི་བར་གནས་སུ་སྲུང་འཛིན་བྱེད་པར་ཁག་ཐེག་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

༣.jpg

ལི་ཁི་ཆང་གིས་གསུང་རྒྱུར།  རྨང་གཞིའི་ཞིབ་འཇུག་ཅེས་པའི་ཚན་རྩལ་གསར་སྐྲུན་གྱི་རྨང་རྐང་སྲ་བརྟན་དུ་གཏོང་དགོས། ནོར་སྲིད་ཀྱི་གཏན་འཇགས་ངང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཁེ་ལས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེའི་ཁྲོད་དུ་ཞུགས་ཚད་ཇེ་མང་དུ་འགྲོ་བར་སྣེ་ཁྲིད་བྱེད་པ། མ་དངུལ་གྱི་འགན་སྲུང་འཐུས་ཚང་དུ་གཏོང་བ་དང་གྲུབ་འབྲས་ལ་གདེང་འཇོག་དང་ཤེས་ལྡན་པར་སྐུལ་ལྕགས་བྱེད་པའི་ནང་རྐྱེན་འཛུགས་དགོས། ཆོས་ཉིད་ལ་བརྩི་བཀུར་བྱེད་པ་དང་ཕམ་ཁ་ལ་ཀུ་ཡངས་བཏང་ནས་ཚན་རྩལ་ཞིབ་འཇུག་མི་སྣས་སེམས་ཞིབ་མོས་ཞིབ་འཇུག་དང་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ནད་རིགས་ཚབས་ཆེན་སྔོན་འགོག་བྱེད་པ་དང་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་ཞིབ་འཇུག་ཤུགས་ཚད་ཇེ་ཆེར་བཏང་ནས། ཚན་རིག་ལག་རྩལ་དེ་མང་ཚོགས་དང་ཉེ་བར་བྱེད་པ་དང་གསར་གཏོད་ཀྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

ལི་ཁི་ཆང་གིས་བསྟན་དོན། ཚན་རྩལ་གསར་གཏོད་སྐྱེ་ཁམས་ཇེ་ལེགས་སུ་གཏོང་དགོས། ཁེ་ལས་ཀྱིས་ལག་རྩལ་གསར་གཏོད་ཀྱི་གཙོ་བདག་ནུས་པ་འདོན་སྤེལ་བྱེད་པ་དང་། ཞིབ་འཇུག་གྲོན་དངུལ་ཁ་སྣོན་དང་ཉུང་འཕྲི་བྱེད་པ་སོགས་ཁྲལ་བསྡུ་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་དངོས་འབེབ་བྱེད་པ། ཤེས་བྱའི་ཐོན་དབང་ལ་བརྩི་བཀུར་དང་སྲུང་སྐྱོང་བྱས་ནས་ཁེ་ལས་གསར་གཏོད་ཀྱི་ནུས་པ་དང་རེ་འདོད་ཇེ་མཐོར་གཏོང་དགོས། དམངས་ཀྱིས་བྱ་བཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཁེ་ལས་འབྲིང་ཆུང་དང་མཐོ་རིམ་སློབ་གླིང་། སྤྱིར་བཏང་གི་གསར་གཏོད་རྒྱུན་འཁོར་དང་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གསར་གཏོད་ཀྱི་སྤྱིའི་ལས་ཆོད་མཐོར་འདེགས་སུ་གཏོང་དགོས་ཟེར།

༡༠.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་མཛད་སྐབས་གསུང་རྒྱུར། གསར་གཏོད་ཀྱི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་བཀྲག་མདངས་འཚེར་བའི་སྐྱེས་ཐོབ་ཀྱི་ཤེས་རབ་ཡིན་པས། དེ་ནི་དུས་སྐབས་གང་ཞིག་ལའང་མེད་དུ་མི་རུང་བའི་བསམ་བློའི་ཁྱད་ཆོས་ཡིན། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་ཐེངས་འདིའི་བྱ་དགའ་ཐོབ་མཁན་རྣམས་མིག་དཔེར་བཟུང་ནས། གསར་གཏོད་ཀྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ། རང་ཉིད་ཀྱི་ཕུགས་འདུན་རང་འགུལ་གྱི་སྒོ་ནས་རྒྱལ་ཁབ་ཀྱི་རླབས་ཆེན་ལས་དོན་ཁྲོད་ཞུགས་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བདག་གསར་གཏོད་བགྲོད་ལམ་དུ་ཞུགས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཧི་ཡིས་གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་འབྲེལ་ཡོད་ཆོད་དོན་སྒྲོག་འདོན་བྱས།

༡༡.jpg

ཧོང་ཞུའུ་ཧྭ་དང་ཙིན་ཆིན་ཚོང་གཉིས་ཀྱིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་བྱས་ནས་གཏམ་བཤད།

བྱ་དགའ་གནང་བའི་ཚོགས་ཆེན་གྱི་སྔོན་ལ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་མཉམ་པར་བསྐྱོན།

ཏིན་ཞོའེ་ཞང་དང་ཞུའུ་ཆི་ལེང་། ཁྲིན་ཞི། ཧོང་ཁུང་མེན། ཚེ་ཏ་ཧྥུན། ཞའོ་ཅེ། ཧི་ལི་ཧྥིན་སོགས་ཚོགས་ཆེན་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།