ཞི་ཅིན་ཕིང་གིས་ཁེ་རི་པ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མ་མའོ་དང་གྲོས་མོལ་མཛད།

1125428238_15783186812201n.jpg

ཟླ1པོའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁེ་རི་པ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མ་མའོ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁེ་རི་པ་སི་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་རྗེས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་མཉམ་ལས་འཕེལ་རྒྱས་སུ་སོང་བ་དང་གྲུབ་འབྲས་མངོན་གསལ་ཐོབ། དོན་དངོས་ལས་ཀྲུང་གོ་དང་ཁེ་རི་པ་སིའི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ་བདེན་དཔང་བྱས། ང་ཚོས་ཁེ་རི་པ་སི་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁེ་རི་པ་སི་ཡིས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་རང་བདག་གདམ་གསེས་བྱས་པར་བརྩི་འཇོག་བྱེད་པར་མ་ཟད་ཁེ་རི་པ་སི་ཕྱོགས་དང་མཉམ་དུ་མཐོ་རིམ་དང་རིམ་པ་སོ་སོའི་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་ལོངས་སྤྱོད་བྱེད་འདོད་ཡོད་ཟེར།

མ་མའོ་ཡིས་བཤད་རྒྱུར། ཁེ་རི་པ་སི་དང་ཀྲུང་གོའི་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པའི་དུས་ཡུན་ཐུང་ནའང་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཁེ་རི་པ་སི་ཕྱོགས་ཀྱིས་ཀྲུང་གོས་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཆེ་ཞུ་བར་མ་ཟད། ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། གནས་སྐོར། སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།

གྲོས་མོལ་མ་བྱས་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཁེ་རི་པ་སིའི་ཙུང་ཐུང་མ་མའོ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།