དགེ་རྒན་གྱི་གླ་ཕོགས་གཞུང་ཞབས་པ་དང་འདྲ་མཚུངས་བྱ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2019ལོའི་ཟླ12པའི་ཚེས20ཉིན། སློབ་གསོ་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། མགྲིན་ཚབ་པ་ཤུས་མཱེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་སྐུལ་མཛུབ་སྟོན་གཞུང་ལས་ཁང་གིས་ཉེ་སྔོན་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གཞུང་ལས་ཐིང་སོ་སོ་ལ་བརྡ་སྦྱོར་བཏང་ནས།2020ལོར་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་དེ་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ལས་མི་དམའ་བའི་སྲིད་ཇུས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱ་རྒྱུ་གཙོ་གནད་དུ་འཛིན་དགོས་པ་བརྗོད་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་སྟོན་གཞུང་ལས་ཁང་གིས་དཔར་འགྲེམ་བྱས་པའི་བརྡ་སྦྱོར་དེའི་ནང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)སོ་སོས་ས་གནས་དེ་གའི་གནས་བབ་དང་བསྟུན་ནས།2020ལོའི་ལོ་སྟོད་དུ་སྲིད་འཛིན་ས་ཁོངས་དེ་གའི་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཡོང་འབབ་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱེད་དགོས་པ་དང་། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་མེད་པ་ཤེས་རྟོགས་བྱུང་ཚེ་སྐོང་འདྲི་དང་འགན་འཁྲི་རྩད་གཅོད་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད་ཅིང་། 2020ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་སྟོན་ཨུ་ལྷན་གཞུང་ལས་ཁང་གིས་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཡོང་འབབ་འགན་ལེན་གནས་ཚུལ་དེ་ལས་འགན་གཙོ་བོར་བརྩིས་ནས་ལྟ་སྐུལ་མཛུབ་སྟོན་བྱ་རྒྱུ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་དེ་གཞུང་ཞབས་པའི་གླ་ཕོགས་ལས་མི་དམའ་བའི་སྲིད་ཇུས་ལ་ཆེས་མཐའ་མཇུག་གི་དུས་ཚོད་གཏན་འཁེལ་བྱས་པ་དེ་ནི2020ལོ་ཡིན་པ་དང་། 2020ལོར་ངེས་པར་དུ་དོན་འཁྱོལ་ཡོང་དགོས་པ་རེད། དོན་འཁྱོལ་བྱུང་མེད་པའི་ས་ཁུལ་ལ་སྐོང་འདྲི་དང་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན་པ་ཧ་ཅང་གསལ་པོ་ཡིན་ཞིང་། ཏང་དང་སྲིད་གཞུང་གིས་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཡོང་འབབ་འགན་སྲུང་ལས་དོན་ལ་མཐོང་ཆེན་བྱེད་ཀྱིན་ཡོད་ལ། བརྡ་སྤྱོར་དེ་བཏོན་པ་ནི་རྒྱ་ཆེའི་འོས་འགན་སློབ་གསོའི་དགེ་རྒན་རྣམས་ལ་མཚོན་ན་འཕྲིན་བཟང་ཞིག་ཏུ་གྱུར་ཡོད།

གླ་ཕོགས་ནི་དགེ་རྒན་རྣམས་ཀྱིས་དོ་ཁུར་བྱེད་པའི་དོན་དག་གལ་ཆེན་ཞིག་ཡིན་ལ། དེ་ནི་དགེ་རྒན་རེ་རེའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད། དྲང་མོར་བཤད་ན། ལོ་མང་པོའི་རིང་ལ་དགེ་རྒན་གྱི་གླ་ཕོགས་དམའ་བ་དང་དངོས་ཟོག་གི་རིན་གོང་ཉིན་རེ་བཞིན་ཇེ་མཐོར་འགྲོ་བའི་དེང་གི་དུས་འདིར་ལག་ཏུ་འབྱོར་བའི་གླ་ཕོགས་ཀྱིས་དགེ་རྒན་མང་པོ་ཞིག་ལ་ཡིད་ཆད་དུ་བཅུག་པར་མ་ཟད། མི་མང་པོ་ཞིག་ལ་དགེ་རྒན་གྱི་ལས་གནས་ལ་རྒྱུགས་སྤྲོད་པའི་སྤྲོ་སེམས་མེད་པར་གྱུར། ཡིན་ཡང་སྟབས་ལེགས་པ་ཞིག་ལ་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་ཀྱིས་སློབ་གསོ་དང་དགེ་རྒན་ལ་མཐོང་ཆེན་བྱེད་ཚད་ཇེ་ཆེར་སོང་བ་དང་བསྟུན་ནས། ས་གནས་མང་པོ་ཞིག་གིས་དགེ་རྒན་གྱི་གླ་ཕོགས་ཇེ་མཐོར་བཏང་བ་དང་། ལྷག་པར་དུ་ས་གནས་ཁ་ཤས་ཀྱིས་དགེ་རྒན་གྱི་གླ་ཕོགས་གཞུང་ཞབས་པ་དང་འདྲ་མཚུངས་ཡོང་དགོས་པའི་ལྟ་སྟངས་བཟུང་བས་དགེ་རྒན་གྱི་ཡོང་འབབ་སྔར་ལས་མཐོ་རུ་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།