ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་ཡོན་ནན་ནུའུ་ཅང་ནས་དབུལ་ཕོངས་ས་ཁུལ་གཏིང་ཟབ་པའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་ཚེས་བཞིའི་ཉིན་ཡོན་ནན་ནུའུ་ཅང་ནས་དབུལ་ཕོངས་ས་ཁུལ་གཏིང་ཟབ་པའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དབུལ་ཐར་མཁྲེགས་གཏོར་མཇུག་བསྡུ་བའི་བྱ་བ་ཁྱོན་ཡོངས་ནས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུང་ཧྭ་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲེལ་ཡོད་དབུལ་སྐྱོར་བྱ་བར་བཏོན་པའི་རྒྱས་བཤད་གལ་ཆེན་གཏིང་ཟབ་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་དངོས་འབེབ་བྱེད་པ། ནུས་ཤུགས་གང་ཡོད་རྩལ་འདོན་དང་དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་ཁྱབ་ཁོངས་ནས་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་བྱེད་པ་དང་དབུལ་ཕོངས་རྫོང་ཚང་མས་དབུལ་ཕོངས་ཀྱི་ཞྭ་མོ་འཕུད་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།

ཧུའུ་ཁྲུང་ཧྭ་ཡིས་བསྟན་དོན། དབུལ་ཐར་འོས་འགན་ཡོངས་འགྲུབ་བྱེད་པར་དུས་ཚོད་མང་པོ་ཞིག་མེད་ནའང་། མཁྲེགས་གཏོར་གྱི་གོ་རིམ་ཁྲོད་འཕྲད་པའི་དཀའ་ཁག་ལ་གདོང་གཏད་ནས་ངེས་པར་དུ་རྒྱལ་ཁ་ལེན་ཐུབ་པའི་འཐབ་ཇུས་ཀྱི་རྣམ་འགྱུར་དང་བྱེད་ཐབས་བཏོན་ནས། ཡོད་ཚད་དུས་བཅད་ལྟར་དབུལ་ཐར་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། ཇུས་འདོན་རིགས་བགར་བྱེད་པར་ཤུགས་སྣོན་པ་དང་སྔར་ལས་ཁ་གཏད་རང་བཞིན་དང་ནུས་ཤུགས་ལྡན་པའི་བྱེད་ཐབས་སྤྱད་དེ། རྫོང་ཡོངས་དང་སྡེ་བ་ཡོངས་ཀྱི་དབུལ་ཕོངས་རྣམ་པ་རྩ་བ་ནས་མེད་པར་གཏོང་དགོས། རྒྱང་རིང་ལ་དམིགས་ནས་དབུལ་སྐྱོར་བྱེད་ཐབས་སྣ་ཚོགས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་གཞན་དབུལ་སྐྱོར་གནས་སྤོར་རྗེས་ཀྱི་རོགས་སྐྱོར་བྱ་བར་ཤུགས་སྣོན་པ། དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་མགྱོགས་མྱུར་གྱིས་འཕེལ་རྒྱས་སྟོབས་ལྡན་དུ་གཏོང་བར་སྣེ་ཁྲིད་བྱེད་པ། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་གཏན་འཇགས་ངང་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་ནས། དབུལ་ཕོངས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱེད་དགོས། འོས་འགན་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་མཛུབ་སྟོན་ལ་ལྟ་སྐུལ་བྱེད་ཚད་ཇེ་དྲག་ཏུ་བཏང་ནས། དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།