ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ་དང་པོའི་ཚེས་བཞི་ཉིན་གྱི་དགོང་མོར།རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ཡིས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་ལ་ཁ་པར་བཏང་སྟེ།དེང་སྐབས་མཚོ་ཁུག་གནས་བབ་ཛ་དྲག་ཆེ་བ་དང་དེ་མིན་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་ལས་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་དང་ལངས་ཕྱོགས་ཐད་ནས་མཐུན་སྦྱོར་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་དབྱི་ལང་བར་གྱི་འགལ་བ་ཇེ་ཆེར་འགྲོ་བར་ཡིད་འཇོག་བྱེད་ཀྱིན་ཡོད་ལ།   རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་གང་འདོད་དུ་མཚོན་ཆ་བཀོལ་བར་ངོ་རྒོལ་བྱེད་པ་དང་དམག་དོན་ཉེན་མཆོང་སྤྱོད་ཚུལ་དང་ལེན་བྱེད་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་འབེན་དང་དེ་མིན་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བརྩི་སྲུང་བྱས་ཏེ།དབྱི་རག་གི་བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་བར་བརྩི་འཇོག་བྱེད་པ་དང་།ཀྲུང་ཏུང་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འདོད་ཚུལ་བཅངས་ཡོད།ཀྲུང་གོ་དང་ཨུ་རུ་སི་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འགན་གཙོ་བོ་འཁུར་དགོས། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་།རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་མཉམ་དུ་སྲུང་སྐྱོབ་བྱས་ནས།དེང་སྐབས་ཀྱི་ཀྲུང་ཏུང་གནས་བབ་ལ་ལུགས་མཐུན་སྒོས་ཁ་གཏད་འཇལ་བར་འགན་འཁུར་རང་བཞིན་གྱི་ནུས་པ་འདོན་དགོས་ཟེར།

ལ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར།ཨུ་རུ་སི་དང་ཀྲུང་གོའི་ལངས་ཕྱོགས་གཅིག་མཐུན་ཡིན།ཨ་མེ་རུ་ཁའི་སྤྱོད་ཚུལ་ནི་ཁྲིམས་དང་འགལ་ཡོད་པས་རྒོལ་གཏམ་གཏོང་དགོས།ཨུ་རུ་སི་ཕྱོགས་ཀྱིས་རྩུབ་སྤྱོད་སྒོས་རྒྱལ་ཁབ་གཞན་པའི་བདག་དབང་ལ་རྡོག་བརྫིས་བརྒྱག་པ་དང་ལྷག་པར་དུ་ཕྱོགས་གཅིག་དམག་དོན་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་ཡིན།ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་པོ་བྱས་ཏེ།ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་འགྲོ་བ་གཡོལ་ཐབས་བྱེད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།