ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གྲོས་ཚོགས་ཟླ་དང་པོའི་ཚེས་གསུམ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་དམ་དུ་དམིགས་པ། བསམ་བློ་དྲིལ་སྒྲོག་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སྲོག་ཤིང་ཇེ་བརྟན་དུ་གཏོང་བ་དང་དྲང་ཕྱོགས་ནུས་ཚད་གཅིག་ཏུ་བསྡུས་པ། སྙིང་སྟོབས་ཆེར་སྐྱེད་དགོས་ཟེར།

ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་བློ་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པར་དམིགས་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ལ། རེ་བ་གལ་ཆེན་མང་པོ་བཏོན་པ་དང་། ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་ལ་ལན་བཏབ་ལ། དེ་ནི་ང་ཚོས་བསམ་བློ་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས། ངེས་པར་དུ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་ལག་བསྟར་དམ་འཛིན་བྱེད་དགོས་ཟེར།

ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་བསམ་བློ་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་ན། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པ་དང་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། གསར་གཏོད་བྱེད་ཐབས་དང་ཁ་གཏད་རང་བཞིན། ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བ། གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་དགོས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་རྒྱུ་དེ་སྤྱིའི་དགོངས་གཞི་རུ་བྱས་ནས། ཕྱོགས་སོ་སོའི་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྤོབས་པ་ཆེར་སྐྱེད་དགོས། ཀྲུང་གོའི་གཏམ་རྒྱུད་བཤད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ཤན་ཤུགས་མཐོར་འདེགས་བཏང་སྟེ། རྒྱལ་ཁབ་རིག་གནས་ཀྱི་མཉེན་ཤུགས་ཇེ་དྲག་ཏུ་གཏོང་དགོས། བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་དམ་འཛིན་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་བྱ་བར་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་སྲོག་ཤིང་འཛུགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུས་ལོན་གསལ་བོ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་དགོས། རླབས་ཆེན་གྱི་དུས་རབས་དྲིལ་སྒྲོག་བྱེད་པར་གཞིགས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་དགོས། ཚད་གཞིར་དམིགས་པ་དང་དཔེ་ལྟ་བྱེད་པ། ཆབ་སྲིད་གླེང་རྒྱུ་དེ་རེ་བ་གཙོ་བོར་འཛིན་པ། བློ་དཀར་ཡིད་ཆེས་དེ་ཚད་གཞི་དང་པོར་བཟུང་ནས། བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་དགོས། ལག་ལེན་ཁྲོད་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་དྲང་བདེན་འཛིན་སྐྱོང་དང་གསར་གཏོད་བྱས་ནས། བསམ་བློ་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཏིང་ཞུའེ་ཞང་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།