ཞི་ཅིན་ཕིང་གིས་ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལེ་ནུའོ་དང་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ1པའི་ཚེས2ཉིན་ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ལེ་ནུའོ་དང་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས།

ཞིས་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་ཨེ་མཛའ་གྲོགས་ཀྱི་རྨང་གཞི་ཟབ་མོ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་40སོང་རིང་ཕྱོགས་གཉིས་པོས་འདྲ་མཉམ་གཉིས་ཕན་དང་། མཉམ་ལས་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་གཞིར་བཟུང་ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། 2016ལོའི་ཟླ་11པར་ངས་ཨེ་ཁྭ་ཏོར་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དང་། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཤིང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ཡོད། 2018ལོའི་ཟླ12པར་ཙུང་ཐུང་མོ་ལེ་ནུའོ་ཡིས་བདེ་བླག་ངང་ཀྲུང་གོར་འཚམས་འདྲི་བྱས་པ་དང་། དེས་ཀྲུང་ཨེའི་འབྲེལ་བར་སྒུལ་ཤུགས་གསར་པ་བསྣན། ངས་ཀྲུང་ཨེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་མོ་ལེ་ནུའོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ40འཁོར་བ་དེ་འགོ་འཛུགས་ས་གསར་པ་བྱས་ཏེ་ཀྲུང་ཨེའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེན་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཞེས་བསྟན།

མོ་ལེ་ནུའོ་ཡིས་རྟེན་འབྲེལ་འཕྲིན་ཡིག་ནང་ཨེ་ཁྭ་ཏོར་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ40སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་མཛའ་གྲོགས་དང་། ཡར་ཐོན། འཕེལ་རྒྱས་བཅས་རྩ་བའི་དགོངས་གཞིར་བྱས་པ་དང་འབྲེལ་དེའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། 2018ལོའི་ཟླ12པར་ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་བརྒྱབ་ཡོད། ངས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་འབྲེལ་བ་ལ་མ་འོངས་པར་སྔར་བས་སྲ་བརྟན་དུ་ཕྱིན་ནས་རང་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་དང་རྒྱལ་ཁབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།