ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྩིས་བཤེར་ཧྲུའུ་བཅས་ཀྱིས་རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་པ་མ་ཟད། རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་ལས་དོན་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་བ་དང་། ཁོང་ཚོས་མུ་འཐུད་དུ་འབད་བརྩོན་ལྷོད་མེད་ཀྱིས་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། རྩིས་བཤེར་ལས་ཁུངས་ཀྱིས་ནན་ཏན་གྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། ལས་དོན་ཏན་ཏིག་གིས་སྒྲུབ་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བཀའ་ཡིག་ཐོགས་མེད་ཏུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་རྒྱུར་རམ་འདེགས་བྱེད་པ། ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་སུ་གཏོང་བ། ཏང་སྲོལ་སྲིད་གཙང་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་བཏོན་ཡོད། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྩིས་བཤེར་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་འགོ་ཁྲིད་འོག་དུས་རབས་གསར་པ་དང་བླང་བྱ་གསར་པར་བསྟུན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ། འགན་འཁྲི་ཕྱོགས་ཡོངས་ནས་སྒྲུབ་པ། ཁྲིམས་ལྟར་རྩིས་བཤེར་མཐའ་འཁྱོངས་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་གསུངས་པ་རེད། 

   ཟླ1པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ལེ་ཅི་བཅས་ཀྱིས་པེ་ཅིན་དུ་རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་ལས་དོན་པའི་འཐུས་མིར་མཇལ་འཕྲད་གནང་བ་རེད།

ཐེངས་འདིར་རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་ཚོགས་པ80དང་སྔོན་ཐོན་ལས་དོན་པ45ལ་གཟེངས་བསྟོད་བྱས་པ་རེད།

དབྱང་ཞའོ་ཏུའུ། ཞའོ་ཅེ་བཅས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།