ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཕན་ཚུན་ལ་གནམ་ལོ་གསར་བའི་རྟེན་འབྲེལ་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ཁྲོད་དུ་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ། ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སིའི་མི་དམངས་ལ་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། འདས་ལ་ཉེ་བའི་ལོ་གཅིག་ནི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་དུ་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཛའ་མཐུན་གྱི་ཁོར་ཡུག་ཁྲོད་དུ། བདག་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དུས་རབས་གསར་བར་བསྐྱོད་པ་མཉམ་དུ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་ལེའུ་གསར་བ་ཞིག་བྲིས། ང་ཚོས་དེང་སྐབས་ཀྱི་འཛམ་གླིང་འཐབ་ཇུས་གཏན་འཇགས་ལ་ཤུགས་སྣོན་པའི་འབྲེལ་ཡོད་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་ནས་བསྒྲགས་སྤེལ་བྱས་པ་དེས། རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་འཐབ་ཇུས་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱེད་པའི་འགྱུར་མེད་ཆོད་སེམས་མཚོན་པར་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། མི་གཞུང་། ཚན་རྩལ། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་བླངས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱིས་ཁེ་ཕན་བསྐྲུན་ཡོད་པར་མ་ཟད། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཐད་ལའང་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།
ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ཁྲོད་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གནམ་ལོ་གསར་བའི་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོ་མི་དམངས་ཡོངས་ལ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས།
ཕུའུ་ཅིན་གྱིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐུན་སྦྱོར་གྱི་གྲོགས་པོའི་འབྲེལ་བའི་ཐད་ནས་འཕེལ་རྒྱས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་ཡོད། བདག་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་ཐེངས་མང་པོར་གྲོས་མོལ་བྱས་ནས་ཐུན་མོང་གི་ལྟ་ཚུལ་གལ་ཆེན་རབ་དང་རིམ་པ་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་མདུན་ལྗོངས་གསར་བ་བཏོད་ཡོད་ཟེར།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མཱེ་ཏི་ཝེ་ཅེ་ཧྥུའུ་གཉིས་ཀྱིས་ཀྱང་ཕན་ཚུན་ལ་གློག་འཕྲིན་བཏང་ནས་གནམ་ལོ་གསར་བར་རྟེན་འབྲེལ་གྱི་སྨོན་འདུན་ཞུས།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཀྲུང་གོ་དང་ཨུ་རུ་སིའི་འགོ་གཙོ་དང་ཙུང་ལིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས་གནམ་ལོ་གསར་བར་རྟེན་འབྲེལ་ཞུས།