ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རིམ་པ་བགར་ཏེ་ཆུ་ཚད་དཔྱད་འཇོག་རིགས་ཀྱི་རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་མེད་པར་བཏང་སྟེ་སྤྱི་ཚོགས་ཅན་གྱི་ལས་རིགས་རྩལ་ནུས་རིམ་པ་ཁས་ལེན་ལག་བསྟར་བྱེད་རྒྱུ་ཐག་བཅད་པ་དང་། སྤྱི་ཚོགས་ཞབས་ཕྱིའི་ཁྱབ་ཁོངས་ཀྱི་ཚོང་ལས་ཉེན་ཚབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོ་སྔར་ལས་སྐོང་རྒྱུ་བྱས་ཤིང་། རྐང་བགྲོད་ཁྲོམ་ལམ་གྱི་སྒྱུར་བཀོད་ནུས་པ་ཇེ་ཆེར་གཏོང་བ་དང་ཚོང་ལས་ཁོར་ཡུག་ལེགས་སྒྱུར་བྱས་ནས་འཛད་སྤྱོད་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། དོ་དམ་དབང་གཏོང་དང་ཞབས་ཕྱིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། རྩལ་ནུས་མི་སྣའི་ཆུ་ཚད་དཔྱད་འཇོག་ལ་སྲིད་གཞུང་གིས་ཁས་ལེན་པ་དེ་སྤྱི་ཚོགས་ཅན་གྱི་རིམ་པའི་ཁས་ལེན་དུ་བསྒྱུར་བ་དང་། ཚོང་ར་དང་སྤྱི་ཚོགས་ཀྱིས་ཁས་ལེན་པ་དང་ཞིབ་བཤེར་ཚད་ལེན་ཐོབ་པ་དང་ལེན་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རང་རྒྱལ་ལོ་ལོན་ཅན་གྱི་སྤྱི་ཚོགས་སུ་བསླེབས་ཡོད་ལ། ལོ་དྲུག་ཅུ་ཡན་གྱི་ལོ་ལོན་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལ་བསླེབས་པས། ཁོ་ཚོའི་དགོས་མཁོ་དང་མཐུན་པའི་ཚོང་ལས་ཉེན་ཚབ་ཐོན་རྫས་འདོན་སྤྲོད་བྱེད་པར་མ་ཟད་མང་ཚོགས་གཞན་དག་གི་ཉེན་ཚབ་མཁོ་འདོན་ལེགས་བཅོས་བྱེད་དགོས། དེ་བས་སྤྱི་ཚོགས་ཞབས་ཕྱིའི་ཁྱབ་ཁོངས་ཀྱི་ཚོང་ལས་ཉེན་ཚབ་འཕེལ་རྒྱས་སུ་བཏང་སྟེ་ལོ་ལོན་ཅན་ལ་རོགས་ཤུགས་འདོན་སྤྲོད་བྱེད་པ་དང་མང་ཚོགས་ཀྱི་ཉེན་ཚབ་དགོས་མཁོ་གཞན་དག་སྐོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རྐང་བགྲོད་ཁྲོམ་ལམ་སྒྱུར་བཀོད་བྱས་ཏེ་ལས་རྣམ་གསར་བ་དང་དཔེ་དབྱིབས་གསར་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དེ་འཛད་སྤྱོད་དང་གྲོང་ཁྱེར་འཛུགས་སྐྲུན་དངུལ་གཏོང་། ལས་ཞུགས་བཅས་ལ་སྐུལ་ཁྲིད་བྱེད་པར་ཕན་པ་ཡོད་པས། གྲོང་ཁྱེར་ཁ་ཤས་སུ་ཚོད་ལྟ་བྱེད་པའི་རྨང་གཞིའི་སྟེང་གོ་རིམ་ལྡན་པར་ལག་བསྟར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།