ཧུའུ་ཁྲུན་ཧྭ་ཡིས་ཧུའུ་པེ་ཞིང་ཆེན་ཨུན་ཧྲི་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་དང་ཉེར་ལྔ་ཉིན་གཉིས་ལ་ཧུའུ་པེ་ཞིང་ཆེན་ཨུན་ཧྲི་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་བྱ་བའི་ཐད་གནང་བའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་ཤིང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་དངོས་འབེབས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལྟར། ནུས་ལྡན་བྱེད་ཐབས་སྤྱད་དེ་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་དབུལ་ཐར་མཁྲེགས་གཏོར་དུས་ལྟར་མཇུག་བསྡུ་བ་འགན་སྲུང་བྱེད་དགོས་ཟེར།

ཧུའུ་ཁྲུན་ཧུ་ཡིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་གྲུབ་འབྲས་བཟང་བོ་ལེན་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གལ་ཆེན་ནང་གི་འགངས་ཆེན་དང་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་ཡིན་པས། སང་ལོར་ངེས་པར་དུ་དུས་ལྟར་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པ་འགན་སྲུང་བྱེད་དགོས། ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོར་བྱས་རྗེས་ཀྱི་རྒྱུན་མཐུད་རོགས་སྐྱོར་ལ་ཤུགས་སྣོན་པ་དང་ཐོན་ལས་དང་ལས་ཞུགས་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་ནས་དབུལ་ཐར་སྤུས་ཚད་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།