ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་དོ་དམ་ཏང་དངུལ་ཁྲོད་དུ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བདུན་འབུམ་བཞི་བླངས་ཏེ་ལུགས་གསར་དང་ལུགས་རྙིང་ལོ་སར་སྐབས་སུ་འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་སོགས་ལ་འཚམས་འདྲི་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པར་ཐུགས་ཁུར་གནང་བ་མཚོན་པར་བྱེད་ཆེད། ཉེ་ལམ། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་འཐད་པ་བྱུང་བ་བརྒྱུད། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་དོ་དམ་ཏང་དངུལ་ཁྲོད་དུ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བདུན་འབུམ་བཞི་བླངས་ཏེ་ཉིས་སྟོང་ཉི་ཤུ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པར་ཆེད་དུ་འཚམས་འདྲི་བྱེད་རྒྱུ་ཐག་བཅད། གཞི་རིམ་གྱི་ལས་བྱེད་པ་དང་ལྷག་པར་དུ་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་ཀྱིན་པའི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པ། སྡེ་བའི་ལས་བྱེད་པ། སྡེ་བར་སོང་ནས་འགན་འཁུར་བའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། དེ་མིན་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་གཞུང་དོན་དུ་ཚེ་ལས་འདས་པའི་ལས་བྱེད་པའི་ཁྱིམ་མི་སོགས་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། སྡེ་བ་དང་གཞིས་ཁུལ་གྱི་རྐང་འཛིན་པ་རྒན་པ་དང་ནད་ཀྱི་དབང་གིས་དབུལ་ཕོངས་སུ་གྱུར་བའི་མང་ཚོགས། ཧ་ཅང་དཀའ་ཁག་ཆེ་བའི་གཞི་རིམ་ཏང་དོན་བྱ་བ་སྒྲུབ་མཁན་བཅས་ཀྱང་འཚམས་འདྲི་བྱེད་པའི་ཁྱབ་ཁོངས་སུ་འཇོག་ངེས་རེད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འཚམས་འདྲི་བྱེད་པའི་བྱ་འགུལ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ། མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་སེམས་ཞིབ་མོས་རྩ་འཛུགས་བྱེད་དགོས་ལ། འབྲེལ་ཡོད་བྱ་བ་སྣ་ཚོགས་གང་ལེགས་སྒོས་བསྒྲུབ་ནས། འཚམས་འདྲི་བྱེད་པའི་བྱ་འགུལ་དེ་བློ་སེམས་གཅིག་སྒྲིལ་གྱི་དྲོད་སྐྱེལ་བཟོ་སྐྲུན་དུ་འགྱུར་བྱེད་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་ལས་ཁུངས་ཀྱིས་ཆ་ཚང་མ་དངུལ་དངོས་འབེབས་བཟང་བྱས་ཏེ། ལུགས་རྙིང་ལོ་སར་གྱི་སྔོན་ལ་འཚམས་འདྲི་བྱེད་ཡུལ་གྱི་ལག་ཏུ་འབྱོར་བར་འགན་སྲུང་བྱེད་དགོས་པར་མ་ཟད་ཆེད་དངུལ་ཆེད་སྤྱོད་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།