ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལིས་འདེམ་བསྐོའི་འདེམ་ཤོག་བརྩོན་ལེན་བྱེད་པའི་སྐབས་སུ་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའི་ཉེན་ཁ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ལྟ་སྲུང་སྲིད་གཞུང་གི་ཙུུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཨ་ཧྲི་ཁའེ་ལུང་ནས་ཕྱི་ཉིན་མོའི་ཏང་ནང་གི་འདེམ་བསྐོའི་འགྲན་རྩོད་བྱ་འགུལ་ལ་འདེམ་ཤོག་བརྩོན་ལེན་བྱེད་པའི་སྐབས་སུ། ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདས་མཁའ་ཟོན་ཉེན་བརྡ་གྲགས་པར་བྱས་པས། འདེམ་བསྐོའི་འགྲན་རྩོད་བྱ་འགུལ་དེ་མཚམས་མི་འཇོག་ཐབས་མེད་བྱུང་།

ནེ་ཐ་ཉི་ཡ་ཧུའུ་ཡོད་པའི་ལེ་ཁུའུ་ཏི་སྡེ་ཚོགས་ཀྱིས་ཚེས་ཉེར་དྲུག་ཉིན་མགོ་ཁྲིད་པའི་འདེམ་བསྐོ་བསྡུ་རྩིས་ཡོད་པ་དང་། ནེ་ཐ་ཉི་ཡ་ཧུའུ་ནང་སྲིད་དཔོན་པོ་ཟུར་པ་ཅི་ཏི་ཝུན་སཱ་ཨར་གྱི་འགྲན་རྩོད་དང་འཕྲད་ཡོད།

དབྱི་སི་རལ་གྱི་གནམ་ལྕགས་ཞེས་པའི་མཁའ་ཟོན་མ་ལག་གིས་ཚེས་ཉེར་ལྔ་ཉིན་ནམ་གུང་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའ་ཞིག་བཀག མེ་ཤུགས་འཕུར་མདའ་དེས་དབྱི་སི་རལ་གྱི་མཁའ་ཟོན་ཉེན་བརྡ་གྲགས་པར་བྱས་པ་དང་། སྐབས་དེར་ནེ་ཐ་ཉི་ཡ་ཧུའུ་ཡོད་སའི་ཨ་ཧྲི་ཁའེ་ལུང་ནས་ཉེན་བརྡ་གསལ་པོར་གོ་ཐུབ།

དབྱི་སི་རལ་གྱི་སྨྱན་བྱེད་ཀྱིས་བཏང་བའི་བརྙན་རིས་ལས་ནེ་ཐ་ཉི་ཡ་ཧུའུ་བདེ་སྲུང་མི་སྣའི་སྲུང་སྐྱོབ་འོག་ཏུ་གཏམ་བཤད་སྟེགས་བུ་ལས་བབས་ཏེ། བཟའ་ཟླ་དང་མཉམ་དུ་ཉེན་གཡོལ་བྱེད་ས་རུ་བུད་སོང་།

ཕ་ལེ་སི་ཐན་ཕྱོགས་ཀྱི་རྩ་འཛུགས་གང་དང་མི་སུ་ཡིས་ཀྱང་མེ་ཤུགས་འཕུར་མདའི་འཇབ་རྒོལ་དེ་བཟོས་པ་ཁས་བླངས་མེད། ཡིན་ནའང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མཱ་སིའི་སྡོད་གནས་མང་པོར་འཇབ་རྒོལ་བྱས།

འདི་ནི་ཉེ་བའི་དུས་སྐབས་ཤིག་གི་རིང་ལ་ནེ་ཐ་ཉི་ཡ་ཧུའུ་ཡི་འདེམ་བསྐོའི་འགྲན་རྩོད་བྱ་འགུལ་ལ་མེ་ཤུགས་འཕུར་མདའི་ཉེན་ཁ་ཐེབས་ཐེངས་གཉིས་པ་རེད། ད་ལོའི་ཟླ་དགུ་པར། ནེ་ཐ་ཉི་ཡ་ཧུའུ་ཡིས་ཨ་ཧྲི་ཁའི་ལུང་ནས་ལེ་ཁུའུ་ཏི་སྡེ་ཚོགས་ལ་འདེམ་བསྐོའི་རམ་འདེགས་བྱེད་སྐབས་ཡུལ་དངོས་ནས་གོང་དང་འདྲ་བར་ཉེན་བརྡ་གྲགས་པ་རེད།

ལེ་ཁུའུ་ཏི་སྡེ་ཚོགས་ལ་ད་ལོའི་ཟླ་བཞི་པར་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་མོད། ཡིན་ནའང་ནང་སྲིད་ཁང་འཛུགས་མ་ཐུབ་པས་གྲོས་ཁང་ཁ་འཐོར་དུ་བཏང་བ་རེད། ཟླ་དགུ་པར་ཡང་བསྐྱར་གྲོས་ཁང་གི་འདེམ་བསྐོ་སྤེལ་རྗེས། ཙུང་ཐུང་ལེ་ཧྥུའུ་ལིན་གྱིས་སྔ་གཞུག་ཏུ་ནེ་ཐ་ཉི་ཡ་ཧུའུ་དང་དཀར་སྔོན་ཏང་གི་མགོ་ཁྲིད་པ་སྟེ་རྒྱལ་སྲུང་དམག་གི་སྤྱིའི་ཇུས་འདོན་དཔོན་ཟུར་པ་པིན་ཉི་ཀན་ཚིས་གཉིས་ལ་ནང་སྲིད་ཁང་འཛུགས་པའི་དབང་ཆ་གནང་ན་ཡང་། ནང་སྲིད་ཁང་འཛུགས་ཐུབ་མེད།

དབྱི་སི་རལ་གྱིས་སང་ལོའི་ཟླ་གསུམ་པར་ཟླ་བཅུ་གཉིས་རིང་གི་གྲོས་ཁང་གི་འདེམ་བསྐོ་ཐེངས་གསུམ་པ་བསྡུ་རྩིས་ཡོད་ལ། ལེ་ཁུའུ་ཏི་སྡེ་ཚོགས་ཀྱིས་ཚེས་ཉེར་དྲུག་ཉིན་མགོ་ཁྲིད་པ་འདེམ་བསྐོ་བྱེད་རྩིས་ཡོད་པ་དང་། འདེམ་བསྐོའི་མཇུག་འབྲས་ལས་སི་ཞིག་གིས་སྲིད་ཏང་རྙིང་པ་དེའི་མགོ་ཁྲིད་ནས་སང་ལོའི་ཟླ་གསུམ་པའི་འདེམ་བསྐོ་ལ་ཞུགས་པ་ཐག་གཅོད་ངེས།

ལེ་པུའུ་ཏི་སྡེ་ཚོགས་ཀྱི་ནང་དུ་ནེ་ཐ་ཉི་ཡ་ཧུའུ་ཡི་འགྲན་ཟླ་གཅིག་པུ་ནི་ནང་སྲིད་དཔོན་པོ་ཟུར་པ་སཱ་ཨར་ཡིན་ལ། དབྱེ་ཞིབ་མི་སྣས་ནེ་ཐ་ཉི་ཡ་ཧུའུ་ལ་རྒྱལ་ཁ་ཐོབ་ཐུབ་པར་ཚོད་དཔག་བྱེད་བཞིན་ཡོད།

འདེམ་བསྐོའི་མཇུག་འབྲས་ཚེས་ཉེར་བདུན་ཉིན་ཤེས་ཐུབ་པ་དང་། སཱ་ཨར་གྱིས་ནེ་ཐ་ཉི་ཡ་ཧུའུ་ཡིས་ཐེངས་གཉིས་ལ་ནང་སྲིད་ཁང་འཛུགས་མ་ཐུབ་པས། སང་ལོའི་ཟླ་གསུམ་པའི་འདེམ་བསྐོའི་རྗེས་སུ་ཡང་ནང་སྲིད་ཁང་འཛུགས་ཐུབ་པའི་རེ་བ་ཉག་ཕྲ་བས། ལེ་ཁུའུ་ཏི་སྡེ་ཚོགས་ལ་མགོ་ཁྲིད་པ་གསར་པ་ཞིག་དགོས་པར་སྙམ་ཡོད།

ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། དབྱི་སི་རལ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དངོས་སུ་ནེ་ཐ་ཉི་ཡ་ཧུའུ་ལ་ལྐོག་རྔན་བླངས་པ་དང་མགོ་སྐོར་བཏང་བ། ཡིད་རྟོན་དང་འགལ་བ་བཅས་ཀྱི་ཉེས་མིང་བཏགས་མོད། ཡིན་ནའང་ནེ་ཐ་ཉི་ཡ་ཧུའུ་ཡིས་དེ་ཁས་མ་བླངས། དབྱི་སི་རལ་གྱི་བཅའ་ཁྲིམས་ལྟར་ན་ཙུང་ལི་ལ་ཉེས་མིང་བཏགས་རུང་སྲིད་སྟེགས་ལས་མ་བབ་ཀྱང་ཆོག

ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་ཉེར་ལྔ་ཉིན་དབྱི་སི་རལ་གྱི་དམག་དཔུང་གི་བརྙན་འཕྲིན་ཁང་ལ་བཤད་རྒྱུར། ཁོ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱི་འབྲེལ་བ་ཧ་ཅང་བཟང་བས། དེ་རྒྱལ་ཁབ་གཉིས་བར་དམག་དོན་ཐད་ནས་ཁ་གཏད་དུ་མི་ལངས་པར་ཕན་པ་ཡོད་ཟེར།

ཁོས་བཤད་རྒྱུར། དབྱི་སི་རལ་དང་ཨུ་རུ་སིའི་བར་དུ་ཐེངས་བཞི་ལ་དམག་འཁྲུག་གི་ཉེན་ཁ་བྱུང་བ་དང་། ཕྱོགས་གཉིས་ཀྱི་འཐབ་འཛིང་གནམ་གྲུ་ཐེངས་མང་པོར་སི་རི་ཡའི་མངའ་ཁོངས་ནས་གདོང་གཏུག་འབྱུང་བའི་ཉེན་ཁ་བྱུང་ཟེར།

དབྱི་སི་རལ་གྱིས་ཐེངས་མང་པོར་སི་རི་ཡའི་སྲིད་གཞུང་དམག་དང་། ལེ་པ་ནུན་གྱི་ཀྲིན་ཀྲུའུ་ཏང་། དབྱི་ལང་གི་དྲག་ཆས་མི་སྣ་བཅས་ཀྱི་སི་རི་ཡ་ན་ཡོད་པའི་མཚོན་ཆའི་མཛོད་ཁང་དང་དམག་དོན་དམིགས་འབེན་འགས་གཏོར་གཏོང་བཞིན་ཡོད་ལ། ཨུ་རུ་སིས་སི་རི་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལ་རྒོལ་གཏམ་གཏོང་བཞིན་ཡོད།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་པའི་ཚེས་བཅུ་བདུན་ཉིན། ཨུ་རུ་སིའི་གློག་རྡུལ་མྱུལ་ཞིབ་གནམ་གྲུ་ཞིག་སི་རི་ཡའི་བར་སྣང་ནས་ཐང་ལ་འཕངས་པ་དང་། གནམ་གྲུའི་སྟེང་གི་ཨུ་རུ་སིའི་དམག་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར། ཨུ་རུ་སི་ཕྱོགས་ཀྱིས་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་འགེབ་སྲུང་དུ་བྱས་ཏེ་སི་རི་ཡའི་དམིགས་འབེན་འགས་གཏོར་བཏང་བ་ལས་དོན་རྐྱེན་དེ་བྱུང་བར་འདོད་ཡོད། ཡིན་ནའང་དབྱི་སི་རལ་ཕྱོགས་ཀྱིས་སི་རི་ཡ་ཕྱོགས་ཀྱིས་གནམ་གྲུ་ཐང་ལ་འཕངས་པར་འགན་ཁུར་དགོས་པར་འདོད་ཡོད། དོན་རྐྱེན་དེ་བྱུང་རྗེས། ཨུ་རུ་སི་དང་དབྱི་སི་རལ་གྱི་འགལ་བ་རེ་ཞིག་ཛ་དྲག་ཏུ་གྱུར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།