ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཐུར་ཁེས་ལི་པི་ཡ་རུ་དམག་དྲངས་ནས་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། སང་ལོའི་ཟླ་དང་པོར་གྲོས་ཁང་ལ་གྲོས་གཞི་ཞིག་སྤྲད་ནས། ལི་པི་ལ་དམག་འདྲེན་པའི་ཐད་ནས་ཁྲིམས་འཛུགས་ལས་ཁུངས་ཀྱི་ཆོག་མཆན་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སི་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་གསལ་བསྒྲགས་སྤེལ་ནས། ཕྱི་རྒྱལ་གྱིས་ཐེ་གཏོགས་བྱེད་པ་དེས་ལི་པི་ཡའི་ཉེན་ཚབས་ཐག་གཅོད་མི་ཐུབ་པ་བསྐྱར་བསྒྲགས་བྱས་ཡོད།

ཨེ་ཨར་ཏོ་ཨན་གྱིས་ཚེས་ཉེར་དྲུག་ཉིན་སྲིད་འཛིན་ཏང་སྟེ་དྲང་བདེན་དང་འཕེལ་རྒྱས་ཏང་གི་ཁོངས་མི་རྣམས་ལ་བཤད་རྒྱུར། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཐུར་ཁེས་ལི་པི་ཡ་ལ་དམག་དཔུང་མངག་རྒྱུ་ཡིན་ཟེར།

ཨེ་ཨར་ཏོ་ཨན་གྱིས་བཤད་རྒྱུར། ད་ལྟ་ལི་པི་ཡ་ཕྱོགས་ཀྱིས་གདན་དྲངས་ཡོད་པས། ང་ཚོས་དང་ལེན་བྱེད་རྒྱུ་ཡིན་ལ། གྲོས་ཁང་གི་ཚོགས་འདུ་མགོ་བརྩམས་མ་ཐག ང་ཚོས་ལི་པི་ཡ་ལ་དམག་འདྲེན་རྒྱུ་དེ་གྲོས་གཞིའི་ཉིན་རིམ་དུ་བརྩི་ངེས་ཡིན་ཟེར།

ཨེ་ཨར་ཏོ་ཨན་གྱིས་གདན་དྲངས་པ་ཞེས་པ་དེ་གང་ཞིག་ལ་གོ་བ་གསལ་པོར་མི་ཤེས། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ནང་སྲིད་དཔོོན་པོ་པ་ཧྲ་ཧི་ཡིས་ཚེས་ཉེར་དྲུག་ཉིན་ཐུ་ནི་སི་ནས་སྨྱན་བྱེད་ཀྱི་གསར་འགོད་པར་བཤད་རྒྱུར། གནས་སྐབས་སུ་ཐུར་ཁེ་ཕྱོགས་ལ་དངོས་སུ་རེ་བ་བཏོན་མེད་པ་དང་། གལ་ཏེ་གནས་བབ་ཇེ་སྡུག་ཏུ་སོང་ན། ང་ཚོས་ཐུར་ཁེ་སྲིད་གཞུང་ལ་དཔོན་ཕྱོགས་ཀྱི་རེ་འདོད་བཏོན་ནས། དམག་དོན་རོགས་སྐྱོར་བརྩོན་ལེན་བྱེད་ངེས་ཟེར།

དྲང་བདེན་དང་འཕེལ་རྒྱས་ཏང་གིས་ཐུར་ཁེའི་གྲོས་ཁང་དུ་གོ་གནས་མང་ཆེ་ཤོས་ཟིན་ཡོད་པས། གོང་དུ་བཤད་པའི་གྲོས་གཞི་དེར་བདེ་བླག་ངང་ཆོག་མཆན་ཐོབ་ཐུབ་ངེས། ཨེ་ཨར་ཏོ་ཨན་གྱི་བཤད་ཚུལ་ལྟར་ན། ཐུར་ཁེའི་གྲས་མིས་ཆེས་མགྱོགས་ན་གཟའ་འཁོར་རྗེས་མར་འདེམ་ཤོག་འཕེན་མགོ་རྩོམ་རྒྱུ་ཡིན་ལ། གྲོས་གཞི་དེར་སང་ལོའི་ཟླ་དང་པོའི་ཚེས་བརྒྱད་ནས་དགུ་ཉིན་བར་དུ་ཆོག་མཆན་ཐོབ་ཐུབ་ཟེར།

ཐུར་ཁེ་དང་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཟླ་བཅུ་གཅིག་པའི་ཟླ་མཇུག་ལ་དམག་དོན་དང་བདེ་འཇགས་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད་ནས། ཐུར་ཁེས་ལི་པི་ཡའི་རེ་བ་ལྟར་དུ་ལི་པི་ཡ་ལ་དམག་དྲངས་ཆོག་པར་གཏན་ཁེལ་བྱས་ཡོད།

ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ནི་རྒྱལ་ས་ཏི་ལེ་པོ་ལེ་ན་ཡོད་པ་དང་། ཤར་ཕྱོགས་ཀྱི་དྲག་ཆས་རྩ་འཛུགས་རྒྱལ་དམངས་དམག་དཔུང་ཞེས་པས་དེར་འཇབ་རྒོལ་བྱེད་བཞིན་ཡོད། ཨེ་ཨར་ཏོ་ཨན་གྱིས་བཤད་རྒྱུར། ང་ཚོས་ཏི་ལེ་པོ་ལེའི་སྲིད་གཞུང་ལ་རྣམ་པ་ཡོད་ཚད་ཀྱི་རྒྱབ་སྐྱོར་བྱས་ཏེ། སྲིད་འགྱུར་སློང་མཁན་དང་། ཡོ་རོབ་གླིང་དང་ཨ་རབ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་བཞིན་པའི་དམག་དཔོན་དེར་འགོག་རྒོལ་བྱེད་རྒྱུ་ཡིན། ང་ཚོ་ལི་པི་ཡའི་ཁྲིམས་མཐུན་སྲིད་དབང་དང་མཉམ་དུ་ལངས་ངེས་ཟེར།

ཨེ་ཨར་ཏོ་ཨན་གྱིས་བཤད་པའི་དམག་དཔོན་དེ་ནི། རྒྱལ་དམངས་དམག་དཔུང་ཞེས་པའི་མགོ་ཁྲིད་པ་ཧ་ཧྥུའུ་ཐ་ཨར་རེད། ཧ་ཧྥུའུ་ཐ་ཨར་ལ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། ཨེ་ཅིབ་སོགས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་ཡོད་པ་དང་། ཐུར་ཁེ་དང་ཁ་ཐར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་ཡོད།

ཨེ་ཨར་ཏོ་ཨན་གྱིས་ཚེས་ཉེར་ལྔ་ཉིན་ཐུ་ནི་སི་ལ་འཚམས་འདྲི་བྱས་ཏེ། ཐུ་ནི་སིས་ཁྱིམ་མཚེས་རྒྱལ་ཁབ་ལི་པི་ཡའི་ཁ་གཏད་དུ་ལངས་པའི་ཕྱོགས་ཁག་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་པར་བར་འདུམ་བྱེད་རྒྱུའི་གྲོས་གཞི་བཏོན། ཨེ་ཨར་ཏོ་ཨན་གྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཐུར་ཁེ་དང་ཐུ་ནི་སི་གཉིས་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རྒྱུར་འཐད་པ་བྱུང་ཡོད་ཟེར།

ཐུར་ཁེའི་རྣམ་འགྱུར་གསར་པ་དེའི་ཐད་ནས་ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་ཚེས་ཉེར་དྲུག་ཉིན་སྨྱན་བྱེད་ཀྱི་གསར་འགོད་པར་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ལི་པི་ཡའི་གནས་བབ་ལ་གཙིགས་འཛིན་བྱས་ཡོད་པ་དང་། དམག་འཁྲུག་མྱུར་དུ་མཚམས་འཇོག་རྒྱུའི་རེ་བ་བཅངས་ཡོད། ཕྱོགས་གསུམ་པའི་རྒྱལ་ཁབ་གང་ཡིན་རུང་ལི་པི་ཡའི་གནས་བབ་ལ་ཐེ་གཏོགས་བྱས་ན་དམག་འཁྲུག་མཚམས་འཇོག་མི་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཟེར།

ཕེ་སི་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཨེ་ཨར་ཏོ་ཨན་གྱི་རྣམ་འགྱུར་དེ་བསྟན་པས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨེ་ཨར་ཏོ་ཨན་ལ་ཁ་པར་གཏོང་རྩིས་མེད་ཟེར།

ཨུ་རུ་སིའི་ཚགས་པར་ཞིག་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཐུར་ཁེ་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་ཚེས་ཉེར་གསུམ་ཉིན་ནས་བཟུང་ཨུ་རུ་སིའི་རྒྱལ་ས་མཱོ་སི་ཁོ་ལ་འཚམས་འདྲི་བྱས་ཏེ། ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོར་སི་རི་ཡ་དང་ལི་པི་ཡའི་གནས་བབ་སྐོར་ནས་གྲོས་མོལ་བྱས་ལ། གྲོས་མོལ་དེ་བསྟུད་མར་ཉིན་གསུམ་ལ་སྤེལ་ནས་སྔོན་དཔག་གི་དུས་ཚོད་ལས་བརྒལ་སོང་ཟེར། ཚགས་པར་དེས་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པའི་ལི་པི་ཡའི་གནས་བབ་ཀྱི་ནང་དོན་ཞིབ་མོའི་སྐོར་བཤད་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།