ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ལི་གསར་པའི་མིང་འདོན་མི་སྣ་བྱུང་དཀའ་བར་གྱུར་པ་དང་ཙུང་ཐུང་གིས་འགན་ཁུར་མཚམས་འཇོག་པའི་རེ་ཞུ་ཡི་གེ་སྤྲོད་རྒྱུ་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཙུང་ལི་གསར་པའི་གདམ་མིའི་མིང་འདོན་མི་སྣའི་ཐད་ནས་འགལ་བ་བྱུང་བས། ཁོས་དབྱི་རག་རྒྱལ་དམངས་གྲོས་ཁང་ལ་འགན་ཁུར་མཚམས་འཇོག་པའི་རེ་ཞུ་ཡི་གེ་སྤྲོད་རྒྱུ་ཡིན་ཟེར།

དབྱི་རག་གི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། སཱ་ལེ་ཧི་ཡིས་ཉིན་དེར་དབྱི་རག་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མུའུ་ཧན་མོ་ཏི་ཧ་པུའུ་ཞི་ལ་འཕྲིན་ཡིག་བསྐུར་ནས། ཏང་ཚོགས་འཛུགས་སྐྲུན་མནའ་འབྲེལ་ཞེས་པ་དེས་ཨ་སཱ་ཏི་ཨེ་དབྱི་ཏ་ཉི་ཙུང་ལི་གསར་པའི་གདམ་མིར་མིང་བཏོན་པ་དེར་མི་འཐད་པའི་ཚུལ་བསྟན་ཟེར། སཱ་ལེ་ཧི་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། དེ་ལྟར་མིང་བཏོན་ན་རྩ་ཁྲིམས་ལ་འགལ་བར་མ་ཟད་རྔམ་སྟོན་པའི་ངོ་རྒོལ་ཐེབས་ངེས་པས། ཁོས་རྒྱལ་དམངས་གྲོས་ཁང་གི་འགན་ཁུར་མཚམས་འཇོག་པའི་རེ་ཞུ་ཡི་གེ་སྤྲོད་པར་གྲ་སྒྲིག་ལེགས་པོ་བྱས་ཡོད་ཟེར།

སཱ་ལེ་ཧི་ཡིས་རྣམ་འགྱུར་དེ་ལྟར་བསྟན་རྗེས། འགྲིམ་འགྲུལ་པུའུ་ཀྲང་ཟུར་པ་ཨ་མུས་ལེ་ཡིས་མགོ་ཁྲིད་པའི་ཧྥ་ཐ་ཧི་མནའ་འབྲེལ་སོགས་ཆབ་སྲིད་ཕྱོགས་ཁག་གིས་གྲུབ་པའི་འཛུགས་སྐྲུན་མནའ་འབྲེལ་ཞེས་པ་དེས་གསལ་བསྒྲགས་སྤེལ་ནས། འཛུགས་སྐྲུན་མནའ་འབྲེལ་ནི་གྲོས་ཁང་གི་ཆེས་ཆེ་བའི་ཏང་ཚོགས་ཡིན་པ་ནན་གྱིས་བསྟན་པ་དང་། སཱ་ལེ་ཧི་རྩ་ཁྲིམས་དང་འགལ་ཡོད་ཅེས་སྐྱོན་བརྗོད་བྱས་པར་མ་ཟད། གྲོས་ཁང་གིས་སཱ་ལེ་ཧི་ལ་བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱོད་དགོས་པའི་འབོད་སྐུལ་བཏང་།

ཧྲི་ཡེ་ཕྱོགས་ཁག་གི་ཆོས་་ལུགས་གཙོ་འཛིན་སཱ་ཏི་ཨར་གྱིས་མགོ་ཁྲིད་པའི་འགུལ་བཞུད་པའི་མནའ་འབྲེལ་ཞེས་པ་དེ་དང་ཙུང་ལི་ཟུར་པ་ཨ་པ་ཏེ་ཡིས་མགོ་ཁྲིད་པའི་རྒྱལ་ཁའི་མནའ་འབྲེལ་ཞེས་པ་སོགས་མནའ་འབྲེལ་དང་ཡང་ན་སྲིད་ཏང་གིས་ཉིན་དེར་སཱ་ལེ་ཧི་ཡིས་འགན་ཁུར་མཚམས་འཇོག་པའི་རེ་ཞུ་ཡི་གེ་མི་སྤྲོད་རྒྱུའི་རེ་བ་བཏོན།

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། དབྱི་རག་རྒྱལ་དམངས་གྲོས་ཁང་གིས་ཙུང་ལི་མད་ཏེ་ཧི་ཡིས་སྤྲད་པའི་འགན་ཁུར་མཚམས་འཇོག་པའི་རེ་ཞུ་ཡི་གེ་ལ་ཆོག་མཆན་བཀོད། གཏན་ཁེལ་ལྟར་ན་གྲོས་ཁང་གི་ཆེས་ཆེ་བའི་ཏང་ཚོགས་ཀྱིས་གཟའ་འཁོར་གཉིས་ཀྱི་ནང་དུ་ཙུང་ལི་གསར་པའི་གདམ་མི་མཚམས་སྦྱོར་བྱས་ཏེ་ཙུང་ཐུང་གིས་མིང་འདོན་པར་སྤྲོད་དགོས། ཡིན་ནའང་ན་ནིང་གྲོས་ཁང་གི་འདེམ་བསྐོའི་ཁྲོད་དུ། ཏང་ཚོགས་ནི་སྲིད་ཏང་མང་པོས་གྲུབ་པར་བྱས་པས། མིག་སྔར་དབྱི་རག་རྒྱལ་དམངས་གྲོས་ཁང་གི་ཆེས་མཐོའི་ཏང་ཚོགས་གང་ཡིན་པར་ད་དུང་རྩོད་གཞི་གནས་ཡོད། དེས་མི་ཚད་ཏང་ཚོགས་སོ་སོ་དང་རྔམ་སྟོན་པ་རྣམས་ཀྱི་བར་དུ་ཙུང་ལི་གསར་པའི་གདམ་མིའི་ཐད་ནས་འགལ་བ་གནས་པས། ཙུང་ཐུང་གིས་ད་བར་དུ་གདམ་མི་སུའི་མིང་ཡང་བཏོན་མེད།

ད་ལོའི་ཟླ་བཅུ་པ་ནས་བཟུང་། དབྱི་རག་གི་ས་ཆ་མང་པོ་ནས་རྔམ་སྟོན་ངོ་རྒོལ་བྱ་འགུལ་སྤེལ་ནས། སྲིད་གཞུང་རུལ་སུངས་སུ་གྱུར་པ་དང་ཞབས་ཞུའི་ནུས་པ་ཞན་པ། ལས་ཤོར་གྱི་ཚད་མཐོ་བ་བཅས་ལ་ངོ་རྒོལ་བྱས། རྔམ་སྟོན་པ་རྣམས་ཀྱིས་ད་དུང་ཆབ་སྲིད་འཇོན་མིའི་ཕྱོགས་སུ་མདུང་ཁ་གཏད་ནས། ཉིས་སྟོང་གསུམ་ལོའི་དབྱི་རག་གི་དམག་འཁྲུག་རྗེས་སུ་ལག་བསྟར་བྱས་པའི་གྲུབ་མཐའི་དབང་བགོ་ལམ་ལུགས་བཅོས་སྒྱུར་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།