ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དང་ཕ་ཁི་སི་ཐན་གྱི་ཁི་ཧྲི་མུས་ཨར་ནས་འཐབ་འཁྲུག་བརྒྱབ་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་དང་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བདེན་དཔང་བྱས་པ་ལྟར་ན། རྒྱ་གར་དང་ཕ་ཁི་སི་ཐན་ཕྱོགས་གཉིས་ཀྱི་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་ཁི་ཧྲི་མུས་ཨར་ས་ཁུལ་གྱི་དོན་དངོས་ཚོད་འཛིན་ས་རྟགས་ཀྱི་ཉེ་འདབས་ནས་འཐབ་འཁྲུག་བརྒྱབ་སྟེ། རྒྱ་གར་ཕྱོགས་ཀྱི་དམག་དཔོན་ཞིག་དང་བུད་མེད་ཅིག་རྐྱེན་ལམ་དུ་ཤོར་བ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱི་དམག་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར།

རྒྱ་གར་གྱི་ཉེན་རྟོག་དཔོན་པོ་ཞིག་གིས་བཤད་རྒྱུར། འཐབ་འཁྲུག་དེ་པ་ལཱ་མུའུ་ལཱ་ས་ཁུལ་ནས་བྱུང་བ་དང་། རྒྱ་གར་གྱི་དམག་དཔོན་ཞིག་ཕ་ཁི་སི་ཐན་གྱི་དམག་དཔུང་གིས་སྒྱོགས་མདེལ་འཕངས་ནས་བསད་པ་དང་། བུད་མེད་ཅིག་ལ་ཡང་སྒྱོགས་མདེལ་གས་ལེབ་ཕོག་སྟེ་རྐྱེན་ལམ་དུ་ཤོར། རྒྱ་གར་གྱི་དམག་མིས་ཕ་ཁི་སི་ཐན་ཕྱོགས་ལ་འཇབ་རྒོལ་བྱས་ཏེ་སྐྱིན་པ་བླངས་པ་དང་། འཐབ་འཁྲུག་དེ་དུས་ཚོད་འགའི་རིང་ལ་རྒྱུན་བསྲིངས་སོང་ཟེར།

ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་གསལ་བསྒྲགས་ཤིག་སྤེལ་ནས། རྒྱ་གར་ཕྱོགས་ཀྱིས་འཐབ་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་རྒྱབ་འགལ་བྱས་ཏེ། འདས་པའི་དུས་ཚོད་སོ་དྲུག་གི་རིང་ལ་ཕ་ཁི་སི་ཐན་གྱི་དམག་མི་གཉིས་བསད་པར་མ་ཟད། དམག་མི་འགའ་རྨས་སོང་ཞེས་སྐྱོན་བརྗོད་བྱས།

ཉེ་བའི་ཟླ་འགའི་རིང་ལ། རྒྱ་གར་དང་ཕ་ཁི་སི་ཐན་གྱི་དམག་དཔུང་གིས་ཁི་ཧྲི་མུས་ཨར་ས་ཆའི་དོན་དངོས་ཚོད་འཛིན་ས་རྟགས་ཀྱི་ཉེ་འདབས་ནས་ཐེངས་མང་པོར་འཐབ་འཁྲུག་བརྒྱབ་པར་མ་ཟད། ཕ་རོལ་བས་འཐབ་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་ཆོད་ལ་གཏོར་བརླགས་བྱས་སོང་ཞེས་ཕན་ཚུན་ལ་སྐྱོན་བརྗོད་བྱས། རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ཀྱིས་རང་སོ་སོར་ཁི་ཧྲི་མུས་ཨར་ས་ཁུལ་ན་བདག་དབང་ཡོད་པར་འདོད་ཡོད། གཅིག་སྟོང་དགུ་བརྒྱ་ཞེ་བདུན་ལོར་རྒྱ་གར་དང་ཕ་ཁི་སི་ཐན་གྱིས་བདག་དབང་སོ་སོར་བཀར་རྗེས། རྒྱལ་ཁབ་གཉིས་བར་དུ་ཁི་ཧྲི་མུས་ཨར་ས་ཁུལ་རྩོད་ཆེད་སྔ་གཞུག་ཏུ་དམག་འཁྲུག་ཐེངས་གཉིས་ལ་བྱུང་། ཉིས་སྟོང་གསུམ་ལོར། ཕྱོགས་གཉིས་ཀྱིས་ཁི་ཧྲི་མུས་ཨར་གྱི་དོན་དངོས་ཚོད་འཛིན་ས་རྟགས་ཀྱི་མཚམས་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།