སྡོད་ཁང་འཛུགས་སྐྲུན་པུའུ་སོགས་སྡེ་ཚན6གིས་བསམ་འཆར་བཀྲམ་སྟེ་སྡོད་ཁང་བོགས་གཏོང་གི་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། སྡོད་ཁང་འཛུགས་སྐྲུན་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སྤྱི་བདེ་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ལྷན། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་སོགས་སྡེ་ཚན6གིས《སྡོད་ཁང་བོགས་གཏོང་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་དང་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་སྟེ། སྡོད་ཁང་བོགས་གཏོང་ཁྲོམ་རའི་བྱེད་པོའི་གཉེར་སྐྱོང་བྱེད་སྤྱོད་ཚད་ལྡན་བཟོ་བ་དང་སྡོད་ཁང་བོགས་གཏོང་གི་ཕྱོགས་ཁག་དང་ལྷག་དོན་དུ་བོགས་མ་ལེན་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་སྡོད་ཁང་བོགས་གཏོང་ཁྲོམ་ར་འཕེལ་རྒྱས་མྱུར་པོ་ཕྱིན་ནས་གྲོང་མིའི་སྡོད་ཁང་གི་གནད་དོན་གསར་པ་ཐག་གཅོད་ལ་ནུས་པ་གལ་ཆེན་ཐོན་ཡོད་མོད། འོན་ཀྱང་སྡོད་ཁང་བོགས་གཏོང་ཁྲོམ་རར་ད་དུང་ཁང་ཁུངས་ཀྱི་ཆ་འཕྲིན་རྫུས་མ་འགྲེམས་སྤེལ་བྱེད་པ་དང་། རྐང་བཙུགས་ནས་གཏའ་དངུལ་དང་བོགས་དངུལ་འཕྲི་གཅོག་བྱེད་པ། སྡོད་ཁང་བོགས་དངུལ་གྱི་དངུལ་བུན་སྒྲིག་འགལ་ངང་སྤྱོད་པ། བཙན་ཤེད་ཀྱིས་བོགས་མ་ལེན་མཁན་འབུད་པ་སོགས་ཀྱི་གནད་དོན་ཐོན་ཏེ་བོགས་གཡར་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་བཟོ་གི་ཡོད་པ་རེད། 2019ལོའི་ཟླ6པ་ཚུན། ཏང་ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་མང་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་གཏོང་བ་དང་གནོད་འཚེ་གཏོང་བར་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། སྡོད་ཁང་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་6གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྡོད་ཁང་བོགས་གཏོང་གི་བར་སྦྲེལ་སྒྲིག་གཞིའི་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་བྱས་པར་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།