ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125387996_15772803167741n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས25ཉིན་ཏུའུ་ཅང་ཡན་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་གྲོས་མོལ་བྱས།

ལིས་ཁི་ཆང་གིས་བསྟན་དོན།  མིག་སྔར་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བས་སྤྱིའི་ཆ་ནས་ལེགས་བཅོས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་སྲུང་འཛིན་བྱས་ཡོད་པ་དང་། གནས་བབ་དེ་ནི་ཐོབ་སླ་མོ་ཞིག་མིན།  ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་ཁྱེད་ལ་མཇལ་འཕྲད་གནང་།  ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིས་གཏན་ཁེལ་བྱས་པའི་རྩ་དོན་སོ་སོ་དམ་སྲུང་བྱེད་དགོས་པ་དང་།  མུ་མཐུད་དུ་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པར་ཁ་ཕྱོགས་པའི་སྙིང་སྟོབས་ལ་དམིགས་ཏེ་མིག་སྔའི་གནས་བབ་ལ་རྐང་འཛུགས་པ་དང་རྒྱང་རིང་ལ་དམིགས་པ།   གནད་དོན་གལ་ཆེན་ཐག་གཅོད་བཟང་བོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་རྒྱུན་ལྡན་གྱི་བགྲོད་ལམ་སྟེང་བསྐྱོད་པའི་རྨང་གཞིའི་སྟེང་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་མངོན་འགྱུར་བྱེད་དགོས། རེ་བ་ཡིན་ན་འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་ཀྱིས་རིམ་པ་སྔར་ལས་མཐོ་བའི་བརྗེ་རེས་སྤེལ་བར་ཆ་རྐྱེན་དང་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན།   ཀྲུང་གོ་དང་འཇར་པན་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གཙོ་བོ་ཡིན་པ་དང་།   ཕན་ཚུན་གྱི་ཉོ་ཚོང་གྲོགས་པོ་གལ་ཆེན་ཡིན།    ཀྲུང་གོ་ཕྱོགས་ཀྱིས་ཞབས་ཞུའི་ལས་རིགས་དངོས་སུ་སྒོ་འབྱེད་བྱེད་བཞིན་ཡོད་པ་དེས་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པའི་ཐད་གོ་སྐབས་སྔར་ལས་ཆེན་པོ་འདོན་སྤྲོད་བྱེད་ངེས་ཡིན།   ལོ་ལོན་ཅན་གྱི་ཁྱབ་ཁོངས་ལ་ཁ་གཏད་འཇལ་བའི་ཐད་ནས་ཀྲུང་གོ་དང་འཇར་པན་གྱི་མཉམ་ལས་བར་སྟོང་རྒྱ་ཆེ་བས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་ཐུབ་ཟེར།

ལིས་ཁི་ཆང་གིས་བསྟན་དོན།   ཀྲུང་གོ་དང་འཇར་པན།  ཧན་གོ་བཅས་ཀྱི་མགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས8པ་བདེ་བླག་ངང་སྤེལ་ཏེ་ང་ཚོས་མཉམ་དུ་རྒྱལ་ཁབ་གསུམ་གྱི་མཉམ་ལས་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་རྒྱང་ལྟ་དང་འཆར་འགོད་བྱས་པ་དང་།    ཕྱི་ཕྱོགས་ལ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་།   ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བརྡ་གསལ་བོ་བསྟན།  ང་ཚོས་ཕྱོགས་སོ་སོ་དང་མཉམ་དུ་སང་ལོར་དུས་ལྟར་ཁུལ་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་བཏང་སྟེ་ཀྲུང་གོ་དང་འཇར་པན།  ཧན་གོ་བཅས་ཀྱི་རང་མོས་ཉོ་ཚོང་ཁུལ་གྱི་ཆོད་དོན་གྲོས་མོལ་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨན་པེ་ཅིན་སན་གྱིས་བསྟན་དོན།   ཀྲུང་གོ་དང་འཇར་པན།  ཧན་གོ་བཅས་ཀྱི་མགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བརྒྱད་པ་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་ཞུས་པ་ཡིན།  འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་བརྗེ་རེས་ཇེ་དམ་ཏུ་གཏོང་བ་དང་།   ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད།   ཀྲུང་གོ་ཕྱོགས་ཀྱིས་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རའི་སྒོ་སྔར་ལས་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱས་ཏེ་དེའི་ཁྲོད་དུ་ཧུར་ཐག་གིས་ཞུགས་འདོད་ཡོད།  འཇར་པན་ཕྱོགས་ཀྱིས་ཁུལ་ཁོངས་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་སྔ་མོ་ནས་འགོད་པར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་འཇར་པན།  ཧན་གོ་བཅས་ཀྱི་རང་མོས་ཉོ་ཚོང་གྲོས་མོལ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་མོལ་གྱི་རྗེས་སུ།  ལིས་ཁི་ཆང་དང་ཨན་པེ་ཅིན་སན་གཉིས་ཀྱིས་ཏུའུ་ཅང་ཡན་གྱི་ཆུ་བེད་བཟོ་སྐྲུན་ལ་ལྟ་སྐོར་བྱས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།