ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཚང་མར5Gདྲ་བ་ཁྱབ་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་མེའོ་ཝེས་ཚེས23ཉིན་རྒྱལ་ཡོངས་བཟོ་ལས་དང་ཆ་འཕྲིན་ཅན་ལས་དོན་ཚོགས་འདུའི་ཐོག་འདི་ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་5Gསྦྲེལ་ཚུགས་ཁྲི་12.6ཤར་གཏོང་ཐུབ་ཡོད་པ་དང་། 2020ལོར་5Gདྲ་བའི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་མཉམ་སྐྲུན་མཉམ་སྤྱོད་གཏིང་ཟབ་བྱས་ཏེ། 2020ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཚང་མར་5Gདྲ་བ་ཁྱབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

མེའོ་ཝེས་ངོ་སྤྲོད་བྱས་དོན། སང་ལོར་ད་དུང་དྲ་བའི་མཁོ་སྤྲོད་ཀྱི་སྤུས་ཚད་ལེགས་སྒྱུར་མཐོར་གཏོང་དང་། གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུ་གཏིང་ཟབ་བསྒྲུབས་ཏེ་མཐའ་མཚམས་དང་ཐག་རིང་ས་ཁུལ་དུ་དྲ་བ་གཏིང་ཟབ་ཁྱབ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། དྲ་བའི་མྱུར་ཚད་མགྱོགས་སུ་དང་རིན་གོང་གཅོག་པའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། དབུལ་སྐྱོར་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཁྲོད་གྲོན་དངུལ་ཏན་ཏིག་གཅོག་པ། བརྙས་འདོགས་ཁ་པར་ཕྱོགས་བསྡུས་བཅོས་སྒྲིག་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་བཅས་བྱེད་རྒྱུ་ཡིན། 5Gཚོང་དོན་དུ་སྤྱོད་རྒྱུ་དང་ཟུང་འབྲེལ་བྱས་ཏེ་4K∕8Kདང་VR∕ARསོགས་ལག་རྩལ་གསར་པའི་བཀོལ་སྤྱོད་མགྱོགས་སུ་བཏང་ནས་དུད་སྣེ་མཐོ་འབྲིང་གི་ཆ་འཕྲིན་ཞབས་ཞུའི་མཁོ་སྤྲོད་མང་དུ་གཏོང་རྒྱུ་རེད།

མེའོ་ཝེས། 2019ལོའི་ལོ་ཧྲིལ་པོར་སྔོན་རྩིས་བྱས་ན་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་5.6%ཡས་མས་འཕར་བ་དང་། སྡེ་ཚན་གྱི་བཟོ་ལས་འཕར་ཐང་གི་ནུས་རྒྱུ་ཟད་གྲོན་དུས་མཚུངས་ལས་3%ཡས་མས་ཆག་པ། མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་ཡོང་འབབ་15%འཕར་བ། གློག་འཕྲིན་ལས་སྒོའི་བསྡོམས་འབོར་ཡན་གྱི་ལོའི་རིན་གོང་མ་འགྱུར་བའི་རྩིས་རྒྱག་20%འཕར་བ། དྲ་སྦྲེལ་ལས་རིགས་ཀྱི་ཡོང་འབབ་20%འཕར་བ་བཅས་རེད་ཅེས་བརྗོད་པ་རེད།

མེའོ་ཝེས། འདི་ལོར་རྒྱལ་ཁབ་ཀྱིས་གཞི་ཁྱོན་དེ་བས་ཆེ་བའི་ཁྲལ་རིན་གཉིས་གཅོག་ལག་བསྟར་ལ་སྐུལ་འདེད་བཏང་སྟེ་ལས་རིགས་འཕེལ་རྒྱས་ཀྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད། སྔོན་རྩིས་བྱས་ན། ལོ་ཧྲིལ་པོར་ཁྲལ་རིན་གཉིས་གཅིག་སྒོར་དུང་ཕྱུར་ཁྲི་2.36ཟིན་པ་དང་། བཟོ་སྐྲུན་ལས་རིགས་དང་དེ་མིན་འབྲེལ་ཡོད་ལྷུ་ཚིགས་ཀྱིས་འཕར་ཁྲལ་གྱི་ཁྲལ་རིན་གཅོག་པའི་གཞི་ཁྱོན་གྱི་70%ཙམ་ཟིན་པ་དང་ཕྲན་ཚེགས་ཁེ་ལས་ཀྱི་ཀུན་ཕན་རང་བཞིན་གྱི་ཁྲལ་རིན་སྒོར་དུང་ཕྱུར་2500བཅག་ཡོད་ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།