ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་ཟུར་ཞུགས་འཐུས་མི་དང་བཞུགས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་བཞུགས་མོལ་མཛད་པ་དང་། ད་ལོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་དང་སང་ལོའི་བྱ་བའི་ཐད་ཀྱི་གྲོས་གཞི་ལ་ཉན། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་། རྩ་བ་མི་དམངས་ཀྱི་ཁྲོད་དུ་ཡོད་པའི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱེད་པ། འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

བཞུགས་མོལ་ཚོགས་འདུར་ཞུགས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ང་གཅིག་ལས་མང་ཆེ་ཤོས་གཞི་རིམ་ནས་ཡོང་བ་ཡིན་ལ། འཐུས་མི་ཚོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད་གྲོས་གཞི་བཏོན། ལིས་ཀྲན་ཧྲུའུ་ཡིས་ཚང་མའི་གཏམ་བཤད་ལ་ཉན་ཞོར་དུ་འཐུས་མི་ཚོ་དང་བརྗེ་རེས་བྱས། ཁོང་གིས་གསུངས་རྒྱུར། འདས་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཕྱོགས་སོ་སོའི་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ལག་ལེན་ཁྲོད་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བ་མང་པོ་ཞིག་གྲུབ་པར་བྱས། གཅིག་ནས་འཐུས་མིའི་གཙོ་གཞི་གོ་གནས་ལ་བརྩི་བཀུར་བྱེད་པ་དང་། འཐུས་མིར་ཞབས་འདེགས་ཞུ་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འཐུས་མིའི་ཞབས་ཞུ་འགན་སྲུང་བྱ་བའི་ཆུ་ཚད་མཐོར་འདེགས་བཏང་སྟེ། འཐུས་མིའི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱེད་དགོས། གཉིས་ནས་འཐུས་མིའི་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་གཏོང་བ་དང་། འབྲེལ་འདྲིས་ཀྱི་ལམ་བུ་རྒྱ་སྐྱེད་པ། འབྲེལ་འདྲིས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། འཐུས་མིའི་གྲོས་གཞི་ལ་ཉན་དགོས། གསུམ་ནས་འཐུས་མིའི་གྲོས་འདོན་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ནང་དོན་གྱི་སྤུས་ཚད་མཐོན་པོ་དང་ལག་བསྟར་གྱི་སྤུས་ཚད་མཐོན་པོ་རྒྱུན་འཁྱོངས་བྱེད་པ། གྲུབ་འབྲས་དང་གོ་རིམ་གཉིས་ཀར་དོ་སྣང་བྱས་ཏེ། བྱ་བར་ལེགས་བསྒྱུར་བྱེད་པ་དང་དངོས་ཡོད་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། བཞི་ནས་འཐུས་མིའི་བྱ་བའི་ཐད་ཀྱི་གཅིག་གྱུར་མཐུན་སྦྱོར་ཤུགས་སྣོན་པ་དང་། འཐུས་མིའི་འབྲེལ་འདྲིས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། འཐུས་མི་རྟོག་ཞིབ་དང་ལྟ་ཞིབ་སོགས་ལ་ཞུགས་པའི་བྱ་འགུལ་ཕན་པ་མཐོ་བ་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་སྲུང་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཐོན་ལ་ཉེ་བའི2020ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། ཁྲིམས་ལྟར་འགན་ནུས་བསྒྲུབ་པ་དང་། ཁག་ཁུར་བརྩོན་ལེན་བྱས་ཏེ། ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ཡོངས་འགྲུབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཝང་ཁྲིན་གྱིས་བཞུགས་མོལ་ཚོགས་འདུར་འགོ་མཛིན་བྱས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།