ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་ལས་ཁུངས་ཀྱི་གསར་བསྐོས་འགན་ཁུར་མི་སྣར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191221103142EYU0.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མིན་ནས་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་ལས་ཁུངས་ཀྱི་གསར་བསྐོས་འགན་ཁུར་མི་སྣར་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་ཨོ་མིན་ནས་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་ལས་ཁུངས་ཀྱི་གསར་བསྐོས་འགན་ཁུར་མི་སྣར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་དོ་སྐྱོང་རུ་ཁག་ལ་གསོན་ཤུགས་དང་སྐྱེ་སྟོབས་ཀྱིས་ཁེངས་ཡོད། མིག་སྔར་ཨོ་མིན་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་བྱེད་པའི་གནད་འགག་དུས་སྐབས་སུ་གནས་པས། ཚང་མས་དམ་བཅའ་སེམས་སུ་དམ་པོར་འཛིན་པ་དང་འགན་འཁྲི་ཕྲག་ཏུ་ལེན་དགོས་ཟེར།

ཞི་ཅིན་ཕིང་གིས་ཚང་མར་རེ་བ་ལྔ་བཏོན། གཅིག་ནས་རྒྱལ་ཁབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ནམ་ཡང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་སྤྱི་ཡོངས་ལ་ལྟ་ཞིབ་བྱེད་པ་དང་གནད་དོན་ལ་བསམ་གཞིགས་བཏང་སྟེ། རང་རྟོགས་སྒོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། གཉིས་ནས་མི་དམངས་ལ་བརྩེ་སེམས་ཇེ་དྲག་ཏུ་གཏོང་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་དམིགས་འབེན་དུ་བརྩིས་ནས། དམངས་ཚིས་ཀྱི་དོན་དངོས་རེ་རེ་བཞིན་བཟང་བོར་བསྒྲུབ་དགོས། གསུམ་ནས་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། དཀའ་ངལ་གདོང་གིས་བསུ་བའི་སྙིང་སྟོབས་ཆེར་སྐྱེད་དེ། ཨོ་མིན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་འགན་རྩོད་དང་གནད་དོན་ཐག་གཅོད་དགོས། བཞི་ནས་ནུས་པ་དང་འཇོན་ཐང་ཇེ་དྲག་ཏུ་གཏོང་བ་དང་། ཨོ་མིན་འཕེལ་རྒྱས་སུ་གཏོང་བའི་རེ་བ་གསར་བ་དང་ཨོ་མིན་གྱི་སྡོད་དམངས་ཀྱི་རེ་སྒུག་གསར་བར་གཤིབ་སྡུར་བྱེད་པ། འདུ་ཤེས་གསར་བ་འཛུགས་པ། བྱེད་ཐབས་གསར་བ་ཁོང་དུ་ཆུད་པར་བྱས་ནས། རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་གཏད་འཇལ་བ་དང་ཉེན་ཁ་ཚོད་འགོག་བྱེད་པའི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བྱེད་དགོས། ལྔ་ནས་སྤྱོད་གཙང་སྲོལ་བཟང་ལ་ཤུགས་སྣོན་དགོས་ཟེར།

ཏིང་ཞུའེ་ཞང་དང་ཝང་ཁྲིན། ཀྲང་ཡོའུ་ཞ། ཝང་དབྱི། མཱ་པིའོ་བཅས་མཇལ་འཕྲད་ལ་ཞུགས།

ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་ཡང་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།