ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125362214_15766852803311n.jpg

ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མིན་ནས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་ཨོ་མིན་ནས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཚོས་ཧྲི་ཨན་ལ་གསུང་རྒྱུར། ཁྱེད་ཀྱིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོའི་ལས་གནས་སྟེང་དུ་ནན་ཏིག་ཏིག་དང་དཀའ་སྤྱད་འབད་འཐབ་ཀྱིས་ལོ་ངོ་བཅུ་ལ་བྱ་བ་བསྒྲུབས་པ་དང་། ཁྱེད་ཀྱི་འགོ་ཁྲིད་འོག་ཏུ་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་གཟབ་ནན་གྱིས་བྱ་བ་སྒྲུབ་པ། སྲིད་སྐྱོང་བརྟན་པོ་དང་དངོས་གཉེར་འཇོན་ཐང་ལྡན་པའི་ངང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་དཔལ་འབྱོར་གཏན་འཇགས་རྒྱུན་འཁྱོངས་བྱེད་པ། ད་དུང་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། ནང་ལོག་དང་མཉམ་དུ་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཕྱི་ཕྱོགས་བརྗེ་རེས་རྒྱ་སྐྱེད་པ་སོགས་ཀྱི་ཐད་ནས་གྲུབ་འབྲས་གསར་བ་མང་པོ་བླངས་ཏེ། ཨོ་མིན་གྱི་དར་རྒྱས་གོང་འཕེལ་དང་བརྟན་འཇགས་ཀྱི་རྣམ་པ་བཟང་བོ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་བས། ཀྲུང་དབྱང་སྲིད་གཞུང་གིས་ཁྱེད་ཀྱི་བྱ་བར་ཁས་ལེན་ཡང་དག་བྱས་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་དང་ཨོ་མིན་གྱི་འཕེལ་རྒྱས་ལ་སེམས་ཁུར་བྱེད་པ་དང་། གསར་དུ་འགན་ཁུར་བའི་སྲིད་འཛིན་དཔོན་པོ་དང་སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ཁྲོད་མུ་མཐུད་དུ་བྱས་རྗེས་དང་སྟོབས་ཤུགས་འབུལ་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར།

ཚོས་ཧྲི་ཨན་གྱིས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་ཨོ་མིན་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉི་ཤུ་འཁོར་བའི་ཚོགས་ཆེན་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ལྔ་འི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་པར་མ་ཟད། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་རྟོག་དཔྱོད་དུ་ཕེབས་པར་ལྷག་བསམ་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གིས་ཨོ་མིན་ལ་བཅངས་པའི་ཐུགས་ཁུར་དང་ཀྲུའུ་ཞི་ཞི་ཅིན་ཕིང་རང་ཉིད་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། བདག་གིས་མུ་མཐུད་དུ་སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་སེམས་ཤུགས་གང་ཡོད་ཀྱིས་རྒྱབ་སྐྱོར་བྱས་ཏེ། ཨོ་མིན་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ཉིད་ཀྱིས་བྱས་རྗེས་གང་ནུས་འཇོག་འདོད་ཡོད་ཟེར།

ཏིན་ཞོའེ་ཞང་གོང་གི་མཇལ་འཕྲད་ལ་ཞུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།