《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་12པའི་ཚེས་16ཉིན་གྱི《བདེན་འཚོལ》དུས་དེབ་སྐབས24པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ་བ་རེད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ས་ཁུལ་ཁག་གི་ཆ་རྐྱེན་ལ་གཞིགས་ནས་ལས་བགོས་ལུགས་མཐུན་དང་འཕེལ་རྒྱས་ཇེ་ལེགས་སུ་གཏོང་བའི་ལམ་བུའི་ཐོག་བསྐྱོད་དགོས་པ་དང་། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། བར་སྟོང་བཅོས་སྐྱོང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ནས་ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་གྱི་རྣམ་པ་ཆགས་པར་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། མིག་སྔའི་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་གསར་པར་ངོས་འཛིན་ཡང་དག་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་གྲུབ་ཚུལ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཁྱུ་ཚོགས་ནི་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ཐེག་ཐུབ་པའི་བར་སྟོང་གི་རྣམ་པ་གཙོ་བོར་འགྱུར་བཞིན་ཡོད། ང་ཚོས་ངེས་པར་དུ་གནས་བབ་གསར་པ་དང་བསྟུན་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱ་དགོས།

རྩོམ་ཡིག་ནང་བསྟན་དོན། དུས་བབ་གསར་པའི་འོག་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱིའི་བསམ་ཕྱོགས་ནི། ཕྱི་རོལ་ཡུལ་གྱི་དཔལ་འབྱོར་ཆོས་ཉིད་གཞིར་བཟུང་ས་ཁོངས་སྲིད་ཇུས་མ་ལག་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། ས་ཁུལ་ཁག་གི་ལེགས་ཆ་འདོན་སྤེལ་བྱེད་པ། རིགས་ཁག་གི་རྒྱུ་རྐྱེན་གཙོ་བོ་ལུགས་མཐུན་འཁོར་རྒྱུག་དང་ནུས་ཆེའི་གཅིག་སྡུད་ལ་སྐུལ་འདེད་གཏོང་བ། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མ་ལག་མགྱོགས་མྱུར་གྱིས་འཛུགས་པ། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཁྱུ་ཚོགས་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན་པའི་ས་ཁོངས་ཀྱི་དཔལ་འབྱོར་དང་མི་འབོར་ཐེག་ཚད་ལ་ཤུགས་སྣོན་རྒྱག་པ། འབྲུ་རིགས་བདེ་འཇགས་དང་། སྣོད་བཅུད་བདེ་འཇགས། མཐའ་མཚམས་བདེ་འཇགས་སོགས་ཐད་ཀྱི་ས་ཁུལ་གཞན་དག་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་རྣམ་པ་ཞིག་ཆགས་པར་བྱེད་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཕྱོགས་མང་པོའི་ཐད་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་པ་འཐུས་ཚང་དུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ལག་ལེན་བསྟར་རྒྱུར་དམ་འཛིན་བྱེད་པ། རྒྱལ་ཡོངས་གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཆགས་པར་བྱེད་པ། རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་པ། ས་ཆའི་དོ་དམ་ལམ་ལུགས་སྒྱུར་བཅོས་བྱེད་པ། ནུས་རྒྱུ་འཛད་སྤྱོད་ཀྱི་ཚོད་འཛིན་ཚད་གཞི་གཉིས་ལྡན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྣོད་བཅུད་ཁ་གསབ་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་པ། ནོར་སྲིད་གཏོང་སྤྲོད་སྤོ་སྒྱུར་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

རྩོམ་ཡིག་ནང་བྱང་ཤར་ས་ཁུལ་གྱི་འཐབ་ཇུས་གནས་བབ་ཧ་ཅང་གལ་ཆེན་ཡིན་པས་འཐབ་ཇུས་རང་བཞིན་གྱི་བྱ་ཐབས་གསར་པ་སྤྱད་དེ་བྱང་ཤར་ས་ཁུལ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱེད་པ་དང་། རང་འགུལ་ངང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་པ། དོ་མཉམ་ངང་འཕེལ་རྒྱས་འགྲོ་བའི་ཐོན་ལས་གྲུབ་ཆ་གསར་པ་ཆགས་པར་བྱེད་པ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་པ་ཇེ་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྔོན་ཐོན་ས་ཁུལ་གསར་པ་གཏོད་པ། སྲིད་གཞུང་གི་འགན་ནུས་སྒྱུར་བཅོས་ཇེ་མགྱོགས་སུ་གཏོང་བ། ཕུལ་བྱུང་གི་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། འགོ་ཁྲིད་ལས་བྱེད་པར་དྲང་ཕྱོགས་ནས་སྐུལ་ལྕག་བྱེད་ཤུགས་ཆེ་རུ་གཏོང་བ། མི་སྣ་བཀོལ་སྤྱོད་ཀྱི་ཁ་ཕྱོགས་གསལ་བོ་འཛུགས་པ་བཅས་བྱས་ནས་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།