ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བཙུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  2016ལོའི་ཟླ་1ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》བཀྲམ་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་བསྡུ་སྒྲིལ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཛུགས་དགོས་པ་བཏོན་པ་རེད། དེ་ནི་གསོ་རིག་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིས་འདྲ་མཉམ་ངང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད།

སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་ལེན་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྨན་བཅོས་འགན་ལེན་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། དུས་རབས་20པའི་ལོ་རབས་90པ་ནས་རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བཙུགས་པ་དང་། 2003ལོ་ནས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་བཙུགས་པ། 2007ལོ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བཙུཌ་པ་བཅས་རེད། སྨན་བཅོས་འགན་བཅོལ་ལམ་ལུགས་གསུམ་པོ་དེ་དུས་སྐབསས་མི་འདྲ་བའི་སྐབས་སུ་མི་ཚོགས་མི་འདྲ་བར་དམིགས་ནས་བཙུགས་པ་ཞིག་ཡིན་པ་དང་། མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་དང་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་སྔོན་འགོག་བྱེད་པ་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད། ཡིན་ནའང་། སྒྲིག་སྲོལ་ཁག་བགོས་དང་། ལམ་ལུགས་ལོགས་འཛུགས། སྒྲུབ་གཉེར་ཁ་འགྲེམ་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྣེ་གཉིས་ཀྱི་གྲུབ་ཆ་ལའང་དྲང་གཞག་མེད་པའི་གནད་དོན་འཕྲད་ཡོད། ལྷག་པར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྨན་བཅོས་འགན་ལེན་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ཀྱི་ལམ་ལུཌ་གསར་པར་མ་དངུལ་གྲབས་གསོག་རྣམ་པ་དང་དངུལ་སྤྲོད་པའི་ཚད་གཞི་འདྲ་མཚུངས་ཡིན་རུང་ཐོབ་ཐང་ཐད་ཧེ་བག་ཆེན་པོ་ཡོད།

དེར་བརྟེན། 2013ལོའི་ཟླ་11པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱེད་དགོས་ལུགས་བཏོན་པ་རེད། 2015ལོའི་ཟླ་12པར། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། 2016ལོའི་ཟླ་1པོར། བསམ་འཆར་དངོས་སུ་བཀྲམ་པ་རེད།

བསམ་འཆར་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱ་རྒྱུའི་སྲིད་ཇུས་ནང“གཅིག་གྱུར་དྲུག”གི་བླང་བྱ་གསལ་པོ་བཏོན་པ་སྟེ། ཁྱབ་ཁྱོན་གཅིག་གྱུར་དང་། མ་དངུལ་གྲབས་གསོག་གི་སྲིད་ཇུས་གཅིག་གྱུར། འགན་ལེན་གྱི་ཐོབ་ཐང་གཅིག་གྱུར། སྨན་བཅོས་འགན་ལེན་གྱི་དཀར་ཆག་གཅིག་གྱུར། གནས་གཏན་འཁེལ་གྱི་དོ་དམ་གཅིག་གྱུར། ཐེབས་རྩའི་དོ་དམ་གཅིག་གྱུར་བཅས་བྱས་ཏེ་འགན་ལེན་དེ་བས་དྲང་གཞག་ཡོང་བ་བྱས་པ་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་བསྡུ་སྒྲིལ་བྱས་རྗེས་འགྲོ་སོང་རྩིས་ཞུ་མཐོ་རུ་གཏོང་བ་དང་། སྨན་སྤྱོད་པའི་གཞི་ཁྱོན་ཆེ་རུ་གཏོང་བ། གནས་གཏན་འཁེལ་གྱི་སྨན་ཁང་མང་དུ་གཏོང་བ་བཅས་བྱས་པས་འགན་བཅོལ་ནང་ཞུགས་མཁན་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།