ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁེ་ཆང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་པའོ་ལི་སི་ཡོ་ཧན་ཞུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁེ་ཆང་གིས་ཟླ་12པའི་ཚེས་14ཉིན་ལ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་པའོ་ལི་སི་ཡོ་ཧན་ཞུན་ལ་གློག་འཕྲིན་བཏང་ནས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་གོ་གནས་བསྟུད་མར་འཁུར་བར་རྟེན་འབྲེལ་ཞུས་པ་རེད།

ལིས་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱིན་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྦས་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་དོན་གཅོད་ལྷན་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་ཀྱི་འགན་ཁུར་ཡོད་པ་མ་ཟད་འཛམ་གླིང་གི་དཔལ་འབྱོར་གྲུབ་ཆ་གཙོ་བོའང་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་། ཆབ་སྲིད་ཀྱི་ཕན་ཚུན་ཡིད་རྟོན་ཇེ་བརྟན་དང་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས། ཀྲུང་དབྱིན་འབྲེལ་བ་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་དང་བརྟན་བརླིང་ཡོང་བ། ཕྱོགས་མང་རིང་ལུགས་དང་སྒོ་དབྱེ་ཅན་གྱི་འཛམ་གླིང་དཔལ་འབྱོར་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བར་སྔར་བས་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།