ཝང་དབྱང་གིས་སི་ཁྲོན་ལེང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སི་ཁྲོན་ལེང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་རྒྱལ་ཁ་ལེན་པའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བབ་བསྟུན་མདུན་སྐྱོད་བྱེད་དགོས་ལ། ས་ཁུལ་གཙོ་བོའི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་དཀའ་ཁག་ཁྱད་སེལ་བྱས་ནས། དབུལ་ཐར་མཁྲེགས་གཏོར་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་པ་དང་། ཁྱོན་ཡོངས་ཀྱི་འབྱོར་འབྲིང་ལམ་དུ་མི་རིགས་གཅིག་ཀྱང་མི་བསྐྱུར་བར་འགན་སྲུང་བྱེད་དགོས་ཟེར།

ལེང་ཧྲན་ཁུལ་ནི་དབུལ་ཐར་ལས་འགན་ཧ་ཅང་ལྕི་བའི་ལྗོངས་གསུམ་དང་ཁུལ་གསུམ་ཁྲོད་ཀྱི་གཅིག་ཡིན་པས། རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་པར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན། ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞི་ཉིན་བར་ཝང་དབྱང་ཀྲའོ་ཅའོ་རྫོང་དང་ཅིན་དབྱང་རྫོང་གི་སྡེ་བ་དང་སློབ་གྲྭ། འཕྲོད་བསྟེན་ཁང་། ཐོན་ལས་ས་ཁུལ། དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་བྱེད་ས་སོགས་ལ་ཕེབས་ཏེ། དབུལ་ཕོངས་ཁྱིམ་ཚང་དང་གཞི་རིམ་དབུལ་སྐྱོར་ལས་བྱེད་པར་འཚམས་འདྲི་བྱས་པར་མ་ཟད། ཞི་ཁྲང་དུ་འགོ་འཛིན་མཛད་དེ་དབུལ་ཐར་མཁྲེགས་གཏོར་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་ཕྱོགས་ཀྱིས་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཝང་དབྱང་གིས་སི་ཁྲོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་ནས་བླངས་པའི་གྲུབ་འབྲས་དང་མི་རིགས་ས་ཁུལ་དུ་བྱུང་བའི་འགྱུར་ལྡོག་ལ་ཁས་ལེན་གང་ལེགས་བྱས། ཝང་དབྱང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་དེ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་ཁྱོན་ཡོངས་ནས་མཇུག་བསྡུ་བའི་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། ས་གནས་སོ་སོས་ས་ཁུལ་གཙོ་བོ་དང་འབུར་ཐོན་གནད་དོན་གཅིག་སྡུད་བྱེད་པ་དང་སྟོབས་ཤུགས་གཅིག་དུ་བསྡུས་ཏེ་དབུལ་ཕོངས་ཀྱི་རྣམ་པ་ཡོངས་སུ་སེལ་དགོས། བྱ་བ་སྒྲུབ་དཀའ་བའི་རྫོང་དང་སྡེ་བ་དམིགས་སུ་བཀར་ཏེ་གཞི་རྩའི་སྨན་བཅོས་དང་སྡོད་ཁང་བདེ་འཇགས། འཐུང་ཆུ་བདེ་འཇགས་སོགས་ཀྱི་བྱ་བ་དམ་འཛིན་བྱེད་པ་དང་། མི་ཤུགས་བཀོད་སྒྲིག་དང་ཐོན་ཁུངས་ལེགས་སྒྲིག འཐབ་རྩལ་གཏན་འཁེལ་བྱེད་པར་མ་ཟད་གོ་རིམ་ལྡན་ཞིང་ནུས་བ་ཡོད་པའི་སྒོ་ནས་དབུལ་ཐར་མཁེགས་གཏོར་ཐད་ནས་རྒྱལ་ཁ་ལེན་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།