རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་མཉམ་འབྲེལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས12ཉིན་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་མཉམ་འབྲེལ་གྲོས་ཚོགས་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་ཀྲུང་གོའི་ཆོས་ལུགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་ཞེས་པ་དེ་ཡིན། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཁག་གི་འགན་འཁུར་བ་གཙོ་བོ་དང་། ཚོགས་འདུའི་འགན་འཁུར་པ། དྲུང་ཡིག་ཆེན་མོ་(སྤྱིའི་ལས་འཛིན་པ)དང་། ཀྲུང་ཧྭའི་ཡེ་ཤུའི་ཆོས་ལུགས་ན་གཞོན་ཚོགས་པ། བུད་མེད་ན་གཞོན་ཚོགས་པའི་རྒྱལ་ཡོངས་མཐུན་ཚོགས་ཀྱི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡི་ཅུའུ་ཀྲང་ཝང་ཙུའོ་ཨན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནང་བ་རེད། ཚོགས་འདུ་དེ་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་མཉམ་འབྲེལ་ཚོགས་འདུའི་རེས་སྐོར་ཀྲུའུ་ཞི། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཧྥ་མེན་གྱིས་ཚོགས་འདུར་འགོ་འཛིན་བྱས།

ཀྲུང་གོའི་ནང་བསྟན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཞོན་པ་ཡན་ཅའེ་དང་། ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལིས་ཀོང་ཧྥུའུ། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཧྥ་མེན། ཀྲུང་གོའི་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གནམ་བདག་ཆོས་ལུགས་ཆོས་ལུགས་གཙོ་བོའི་ཚོགས་པའི་ཀྲུའུ་ཞི་མཱ་དབྱིན་ལིན། ཀྲུང་གོའི་ཡེ་ཤུའི་ཆོས་ལུགས་ཀྱི་རྒྱལ་གཅེས་ལས་འགུལ་ཨུ་ལྷན་གྱི་ཀྲུའུ་ཞི་ཞུས་ཞའོ་ཧུང་། ཀྲུང་ཧྭའི་ཡེ་ཤུའི་ཆོས་ལུགས་ན་གཞོན་ལྷན་ཚོགས་རྒྱལ་ཡོངས་མཐུན་ཚོགས་ཀྱི་སྤྱིའི་ལས་འཛིན་པ་ཝུའུ་ཅན་རོང་བཅས་ཀྱིས་ཚོགས་པ་ཁག་གི་དོན་དངོས་དང་འབྲེལ་ནས་གཏམ་བཤད་སྤེལ་བ་རེད།

ཚོགས་འདུའི་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འགོར་བའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་འཛམ་གླིང་ཐོག་མཐོང་དཀོན་པའི་ངོ་མཚར་བའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བཏོད་དེ་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་ཚད་མཐོའི་དོ་ཁུར་བྱས་ཏེ་ཀྲུང་གོའི་ཉམས་མྱོང་ཤེས་རྟོགས་དང་སློབ་སྦྱོང་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད། འོན་ཀྱང་དུས་མཚུངས་སུ་འཛམ་གླིང་ཐོག་གི་སྟོབས་ཤུགས་འགའ་ཞིག་གིས་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་དེ་རིགས་མཐོང་འདོད་མེད་པར་འཛེམ་བག་མེད་པར་ཀྲུང་གོ་གནོན་པ་བྱེད་པ་དང་། ངན་སྨྲ་བ། མཐའ་སྐོར་འཀག་འགོག་བཅས་བྱས་ནས་ཀྲུང་གོའི་དར་རྒྱས་དང་འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་བཀག་འགོག་བྱེད་རྩིས་བྱེད་ཀྱིན་ཡོད། ཁོང་ཚོས་དོན་དངོས་སྣང་མེད་དུ་འཇོག་པ་དང་ཡིན་མིན་མཉམ་བསྲེས་བྱས་ཏེ་ཀྲུང་གོའི་“ཆོས་ལུགས་ལ་གནོད་འཚེ་གཏོང་བའི་”རྟགས་བྱང་སྦྱར་ནས་རྒྱལ་སྤྱིའི་སྟེང་གི་ཀྲུང་གོའི་སྣང་བརྙན་ལ་གཏོར་བརླག་གཏོང་བ་དང་རང་རྒྱལ་གྱི་ཆོས་ལུགས་ཞི་མཐུན་གྱི་རྣམ་པར་གཏོར་བཤིག་གཏོང་རྩིས་བྱེད་ཀྱིན་ཡོད་ཅེས་བསྟན།

ཚོགས་འདུའི་སྟེང་ཀྲུང་གོའི་ཆོས་ལུགས་ཀྱི་སྲིད་ཇུས་ཡག་པོ་ཡོད་མེད་དང་། ཀྲུང་གོའི་ཆོས་ལུགས་གནས་ཚུལ་ཇི་འདྲ་ཡིན་པ། ཀྲུང་གོའི་མི་དམངས་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད་པ་སོགས་ནི་ཀྲུང་གོའི་ཆོས་ལུགས་ལས་རིགས་ལ་མྱོང་ཚོར་ཟབ་མོ་ཡོད་པ་ཡིན། རྙོག་འཛིང་ཆེ་བའི་གནས་ཚུལ་འདི་འདྲའི་མདུན་དུ་གནད་འགག་ཆེ་ཤོས་ནི་རང་གིས་རང་ལ་ཡིད་ཆེས་དང་བསྟུན་ཐབས་བྱས་ནས་བྱ་བ་ཡག་པོ་སྒྲུབ་དགོས་པ་མ་ཟད། ད་དུང་སྐད་ཆ་ཡག་པོ་ཡང་བཤད་དགོས། ཀྲུང་གོའི་ཆོས་ལུགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་ནི་གཏམ་རྒྱུད་ཀྱི་ཆེད་དུ་གཏམ་རྒྱུད་བཤད་པ་མ་ཡིན་པར། གཏམ་རྒྱུད་བརྒྱུད་སྤེལ་གྱི་འདུ་ཤེས་བརྒྱུད་དེ་འཛམ་གླིང་ཡོངས་ལ་གོ་བ་ལེན་སླ་བ་དང་དང་ལེན་བྱེད་ཐུབ་པ་བྱ་དགོས། ཀྲུང་ཧྭ་མི་རིགས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ངོས་ནས་བལྟས་ན་ཀྲུང་གོའི་ཆོས་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་གཏན་ཚིགས་མངོན་པར་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་རྒྱབ་ལྗོངས་ལ་བསམ་གཞིག་བྱས་ཏེ་ཀྲུང་གོའི་ཆོས་ལུགས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་མངོན་གསལ་དོད་པོ་མངོན་པ་དང་། འཛམ་གླིང་གི་ལོ་རྒྱུས་དང་དོན་དངོས་ལ་ཞིབ་བསྡུར་བྱས་ཏེ་ཀྲུང་གོའི་ཆོས་ལུགས་ལག་ལེན་གྱི་ལེགས་སྐྱེས་གལ་ཆེན་མངོན་པ། ཀྲུང་གོའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆོས་ལུགས་ཀྱི་འབྲེལ་བ་ཐག་གཅོད་བྱེད་པར་གྲུབ་འབྲས་ཐོབ་པའི་མ་དཔེ་འདོན་སྤྲོད་བྱེད་པར་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།