ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་གཉིས་ཀྱིས་ཀྲུང་དབྱང་གི་དགུན་དཔྱིད་གེགས་སེལ་མ་དངུལ་སྒོར་དུང་ཕྱུར44གཤམ་སྤྲོད་བྱས་པ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས12ཉིན་གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་གཉིས་ཀྱིས་ཉིན་དེར2019ལོ་ནས2020ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་དགུན་དཔྱིད་གེགས་སེལ་མ་དངུལ་སྒོར་དུང་ཕྱུར44བཀོད་སྒྲིག་བྱས་ནས་ས་གནས་ཁག་གི་གནོད་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གཞི་རྩའི་འཚོ་བར་འགན་ལེན་དང་རོགས་སྐྱོབ་ལས་དོན་ཐད་བཀོད་དེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་བདེ་འཇགས་དང་དྲོད་སྐྱིད་ངང་དགུན་སྐྱེལ་ཐུབ་པར་ཁག་ཐེག་བྱས།

  འཕྲལ་སྡོམ་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་འཕྲལ་སྡོམ་དོ་དམ་པུའུ་ཡིས་ནོར་སྲིད་པུའུ་དང་མཉམ་དུ་ས་གནས་ཁག་ཏུ་རོགས་སྐྱོབ་གནས་ཚུལ་གྲལ་བཤེར་དང་མཉམ་གྲོས་དཔྱད་དཔོག་གོང་ཞུ་བྱེད་པའི་རྨང་གཞི་ཐོག་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྤྱིའི་དགོས་མཁོ་ལྟར་ཕྱོགས་བསྡུས་རང་བཞིན་གྱི་ཚོད་སྐོར་དང་ཞིབ་བཤེར་གཏན་འབེབས་བྱས་ཏེ་དུས་ཐོག་ཏུ་ནོར་སྲིད་པུའུ་ཡིས་ཀྲུང་དབྱང་གི་གེགས་སེལ་མ་དངུལ་བཀོད་སྒྲིག་ཐད་བསམ་འཆར་འདོན་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཟླ12པའི་ཚེས10ཉིན། འཕྲལ་སྡོམ་དོ་དམ་པུའུ་ཡིས་དམངས་སྲིད་པུའུ་དང་ནོར་སྲིད་པུའུ་དང་མཉམ་དུ་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ས་གནས་ཁག་གིས་འགོ་ཁྲིད་མི་སྣ་རྩ་འཛུགས་དང་། མ་དངུལ་གཏོང་གནས་དངོས་འབེབ། གོ་རིམ་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ལ་རྗེས་འདེད་ཤུགས་རྒྱག་བྱེད་པ་བཅས་བྱས་ནས་ལོ་གསར་གྱི་སྔོན་དུ་ཀྲུང་དབྱང་དང་ས་གནས་རིམ་པ་ཁག་གིས་བཀོད་སྒྲིག་བྱས་པའི་གེགས་སེལ་མ་དངུལ་དུས་ཐོག་དང་འདང་ངེས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲོད་ཐུབ་པར་འགན་ལེན་ཁག་ཐེག་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།