ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཕྱིར་འཐེན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་གཏན་འབེབས་གསར་པ་བཏོན།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས10ཉིན། རིག་གནས་དང་ཡུལ་སྐོར་པུའི་གཞུང་ཕྱོགས་དྲ་ཚིགས་ཐོག《རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ངོས་འཛིན་གཏན་འཁེལ་དང་དོ་དམ་བྱ་ཐབས》སྤེལ་ཞིང་། བྱ་ཐབས་ནང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣས་དེ་བས་ལེགས་པའི་ངང་རྒྱུན་འཛིན་བྱེད་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་པ་མ་ཟད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཕྱིར་འཐེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུའང་བཏང་བ་རེད།

བྱ་ཐབས་ནང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣ་ངོས་འཛིན་གཏན་འཁེལ་དང་དོ་དམ་བྱེད་པར་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་གཞི་ཚུགས་ཏེ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་མཐུད་ནུས་པ་ཆེ་རུ་གཏོང་བ་དང་རྒྱུན་འཛིན་པའི་བྱེད་པོའི་གནས་བབ་དང་དབང་ཆར་བརྩི་འཇོག་བྱས་ནས་སྡེ་ཁུལ་དང་ཚོགས་སྤྱིའི་མོས་སེམས་ཐོབ་པར་སྣང་ཆེན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

བྱ་ཐབས་ནང་རྩལ་ནུས་བྱང་ཆུབ་ཚད་དང་། མཚོན་བྱེད་རང་བཞིན། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས། རྒྱུན་འཛིན་བྱེད་སྒོ་སྤེལ་བ། གཤིས་སྤྱོད་བློ་སྦྱོང་སོགས་ཀྱི་ཐད་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣ་ངོས་འཛིན་གཏན་འཁེལ་གྱི་ཆ་རྐྱེན་ལ་གཏན་འབེབས་ཞིབ་ཕྲ་བྱས་པ་དང་། སྤྱིར་ན་ལོ་ལྔ་རེར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣ་ཁག་གཅིག་ངོས་འཛིན་གཏན་འཁེལ་གྱི་ལས་དོན་སྤེལ་ཏེ་དཔྱད་ཡིག་བསྐྱར་ཞིབ་དང་། དགོས་མཁོ་གཞིར་བཟུང་ས་གནས་ས་ཐོག་ཏུ་རྩོད་ལན་བཀོད་སྒྲིག སྤྱི་དམངས་ཀྱི་བསམ་འཆར་མི་འདྲ་བ་སོགས་དཔྱད་ཞིབ་ཀྱི་གོ་རིམ་དང་ལྷུ་ཚིགས་མང་དུ་གཏོང་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

བྱ་ཐབས་ནང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣས་ཟོལ་མེད་དང་། སྡུག་རུས། བབ་ཆགས་བཅས་ཀྱི་གཤིས་རྒྱུད་ཞུན་བརྡར་བྱས་ནས་འགན་འཁྲི་དང་འགན་འཁུར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྒྱུན་འཛིན་གྱི་ལག་ལེན་ནུས་པ་ཆེ་རུ་གཏོང་བ། རྒྱུན་འཛིན་དང་བརྒྱུད་སྤེལ་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། རྒྱལ་ཁབ་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་མཐའ་འཁྱོངས་བྱེད་དགོས། ཞིང་ཆེན་རིམ་པའི་རིག་གནས་དང་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་ཁྲིད་སྦྱོང་གི་འཆར་གཞི་གཞིར་བཟུང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣའི་འོས་འགན་སྒྲུབ་ཚུལ་དང་ཁྲིད་སྦྱོང་གི་ཁ་གསབ་དངུལ་སྤྱོད་ཚུལ་ལ་དཔྱད་དཔོག་བྱས་ཏེ་དཔྱད་དཔོག་བྱས་འབྲས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣར་འགྱུར་མིན་གྱི་འོས་ཐོབ་དང་ཁྲིད་སྦྱོང་ཁ་གསབ་སྤྲོད་འོས་མིན་གྱི་གཞི་འཛིན་ས་གཙོ་བོར་བརྩི་དགོས་པའི་གཏན་འབེབས་བྱས་པ་རེད།

བྱ་ཐབས་ནང་། ད་དུང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣའི་ཕྱིར་འཐེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣའི་འོས་ཐོབ་མེད་པར་བཟོ་བའི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་བཟོ་དགོས་པ་དང་། གྲོངས་ཟིན་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣའི་དོ་དམ་ཚད་ལྡན་དུ་བཏང་ནས་མི་ཆོས་ཀྱི་སེམས་ཁུར་གང་ལེགས་མཚོན་པར་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣ་ཁག་ལྔ་ཡི་མི་3068ངོས་འཛིན་གཏན་འཁེལ་བྱས་ཡོད། ཀྲུང་དབྱང་ནོར་སྲིད་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣ་རེར་ལོ་རེར་ཁྲིད་སྦྱོང་ཁ་གསབ་དངུལ་སྒོར་ཁྲི་2རེ་སྤྲད་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་སྣས་ཁྲིད་སྦྱོང་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།