ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨེར་དང་ཁ་པར་གྲོས་མོལ་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས9ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེ་ཨེར་དང་ཁ་པར་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་སྨི་ཞེ་ཨེར་སྐབས་གསར་པའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཞི་ཅིན་ཕིང་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱིས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་གི་འདོད་བློ་འཛིན་པ་དང་། ཚང་མས་མཐའ་གཅིག་ཏུ་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་སྒྲིག་གཞི་སྲུང་སྐྱོང་བྱེད་པ། ཚང་མས་རྒྱལ་ཁབ་སོ་སོས་སྒྲིག་སྲོལ་ལྟར་ལས་དོན་སྒྲུབ་དགོས་པའི་འདོད་ཚུལ་འཛིན་གྱིན་ཡོད། མིག་སྔའི་གནས་བབ་འོག་ཀྲུང་གོ་དང་ཡོ་རོབ་གླིང་གིས་འབྲེལ་བ་དང་། མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱ་རྒྱུ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་མ་ཟད། འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་། གཏན་འཁེལ་རང་བཞིན། དྲང་བདེན་བཅས་དེ་བས་མང་བ་འབྱུང་སྲིད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཡོ་རོབ་གླིང་བར་གྱི་འབྲེལ་བར་ལྟ་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་ནི་གཉིས་ཕན་གྱི་རོགས་ཟླ་ཡིན་པ་ལས་འགྲན་ཡ་མིན། ཀྲུང་གོའི་འཕེལ་རྒྱས་ནི་ཡོ་རོབ་མནའ་འབྲེལ་གྱི་གོ་སྐབས་ཡིན་པ་ལས་འགྲན་སློང་མིན། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་སྲིད་ཇུས་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་དང་། སྔར་བཞིན་ཡོ་རོབ་མནའ་འབྲེལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཡོ་རོབ་མནའ་འབྲེལ་གྱིས་རྒྱལ་སྤྱིའི་ཐོག་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་སྒྲིག་གཞིས་ཀྱང་ཀྲུང་གོའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་སྔ་བལྟས་ཕྱི་བསམ་རང་བཞིན་རྒྱུན་འཁྱོངས་བྱས་ཏེ་ཧུར་ཐག་གིས་ཀྲུང་གོའི་བར་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་གཏོང་བ།  ཀྲུང་གོ་དང་ཡོ་རོབ་གླིང་གི་ཞི་བདེ་དང་། འཕར་སྣོན། བཅོས་བསྒྱུར། ཤེས་དཔལ་བཅས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སང་ལོ་ཀྲུང་གོ་དང་ཡོ་རོང་བར་གྱི་འགྲོ་འོང་གལ་ཆེན་རབ་དང་རིམ་པ་དང་། ཉིན་རེའི་གྲོས་རིམ་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་དང་ཕན་ཚུན་སྦྲེལ་མཐུད་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཡོ་རོབ་བར་གྱི་མ་དངུལ་འཇོག་པའི་གྲོས་ཆོད་གང་མགྱོགས་འཇོག་རྒྱུར་གཞོལ་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《པ་ལིའི་གྲོས་ཆོད》དོན་འཁྱོལ་ནུས་ལྡན་བྱེད་པ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་བཅོས་བསྒྱུར་དེ་ཕན་པའི་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཅས་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

སྨི་ཞེ་ཨེར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་ཐད་བཏོན་པའི་ལྟ་སྟངས་དང་གྲོས་འགོར་དེ་ང་ཡོངས་སུ་འཐད་པ་ཡིན། ཡོ་རོབ་དང་ཀྲུང་གོའི་རྒྱལ་སྤྱིའི་སྒྲིག་སྲོལ་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཡོ་རོབ་གླིང་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དེ་ཕྱོགས་གཉིས་དང་འཛམ་གླིང་གི་ཐུན་མོང་གི་ཁེ་ཕན་དང་མཐུན། སང་ལོར་ཡོ་རོབ་མནའ་འབྲེལ་དུ་གལ་ཆེ་བའི་མཐོ་རིམ་གྱི་འགྲོ་འོང་དང་མཉམ་ལས་ཀྱི་གཙོ་གནད་རབ་དང་རིམ་པ་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་འབྲེལ་ཡོད་བྱེད་སྒོ་དང་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུའི་འགན་ལེན་བྱེད་པ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་མ་ཟད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་བཅོས་བསྒྱུར་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཐད་འབྲེལ་བའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།